བཀའ་སློབ།

༄༅། །བོད་རྒྱལ་ལོ་༢༡༤༡་བོད་ཟླ་༡༡་ཚེས་༧། ཕྱི་ལོ༢༠༡༤་ཟླ་༡༢ཚེས་༢༨་བཟང་པོ་བཅུ་འཛོམས་ཀྱི་དུས་བཟང་གི་ཉིན་རྫ་ཆུ་ཁ་བ་ལྷ་འབངས་ཡོངས་ཀྱིས་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གང་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་སྟར་འབུལ་ཞུ་སྐབས་རྫ་ཆུ་ཁ་བ་གཞིས་བྱེས་ཐུན་མོང་ལ་དམིགས་སུ་བཀལ་ནས་བསྩལ་བའི་བླངས་དོར་བསླབ་བྱ་བདུད་རྩིས་རྒྱུན་བཟང་། 
[མཆན། འདི་ནི་༧གོང་ས་མཆོག་གིས་ཁ་སྐད་ཀྱིས་གསུང་བ་ཡིག་ཐོག་ཏུ་འབེབས་པའི་འབད་བརྩོན་བྱས་པ་ཡིན། སྐབས་རེ་ཚིག་རེ་ཟུང་གསར་བ་བཅུགས་ནས་གསལ་ཁ་མ་བཏོན་ན་གོ་བ་ལེན་དཀའ་བ་ཡོད། དེ་རིགས་ལ་རྟགས་[]་འདིའི་ནང་དུ་ཚིག་གསར་བ་རྣམས་གསར་བསྣན་བྱས་ཡོད། དེས་ན་རྟགས་[]་འདིའི་ནང་དུ་ཡོད་པ་རྣམས་ཁ་སྐད་ལ་ཆད་པ་ཡིན་པས་ཡིག་སྐད་ལྟར་གོ་བ་ལེན་སྐབས་ངེས་པར་དུ་ཀློག་དགོས། ཟིན་འདེབས་པ་འཇམ་དཔལ་ཚུལ་ཁྲིམས་ཀྱིས།]  
ཨོ་ཡ། དེ་རིང་འདིར་རྫ་ཆུ་ཁ་བའི་སེར་སྐྱ་མི་མང་སྤྱི་མགྲིན་[གྱི]་ཐོག་ནས་བརྟན་བཞུགས་གཅིག་དང་། འདི་གའི་གཞིས་ཆགས་མི་མང་གི་ཐོག་ནས་བརྟན་བཞུགས་[འབུལ]་རྒྱུ་བྱས་ནས། དུས་ཚོད་མེད་པ་ཡིན་སྟབས་དེ་རིང་དེ་གཉིས་པོ་དེ་གཅིག་བསྡུས་བྱས་པ་རེད། ཁ་སང་བྲག་གཡབ་སེར་སྐྱ་མི་མང་ཐུན་མོང་གི་ཐོག་ནས་བརྟན་བཞུགས་བྱེད་པ་དང་། དེ་རིང་འདིར་རྫ་ཆུ་ཁ་བ་སེར་སྐྱ་མི་མང་གི་ཐོག་ནས་བརྟན་བཞུགས་བྱེད་པ། གང་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་དེ་གྲས་དེའི་ལུས་པོ་འདིར་འཁོད་ཐུབ་མེད་མོད། ཡིན་ནའང་བསམ་བློའི་ནང་ལ་དད་པ་དམ་ཚིགས་གཡོ་བ་མེད་པ་བྱས་ནས། འདི་རུ་ཉུང་ཤས་ཤིག་ཡོད་པ་ཚོ་ལ་ཕ་གིར་རྒྱ་ཆེའི་མི་མང་གི་ཚབ་བྱས་ནས་བརྟན་བཞུགས་བྱེད་རོགས་ཞེས་ཟེར་ནས། ཕ་ནས་མངགས་གདམ་བྱས་པ་ནང་བཞིན་ཁྱེད་རང་ཚོས་འདིར་བརྟན་བཞུགས་གནང་གི་ཡོད། དེ་ནས་མཎྜལ་བཤད་པ་འདོན་པའི་དུས་ཚོད་ཀྱང་མེད་ལ། དབུ་མཛད་ཀྱིས་མཎྜལ་འགུག་འགུག་རིང་པོ་མི་དགོས་པ་བྱོས། ས་གཞི་སྤོས་བྱུག་མ་གདངས་བཏང་བཞག་ན་འགྲིག་གི་རེད། ཤེས་སོང་ངམ། 
ད་ལྟ་[རྫ་ཆུ་ཁ་བའི]་བརྟན་བཞུགས་གསོལ་འདེབས་ངས་མར་བཀླགས་པ་ཡིན། ཡག་ཐག་ཆོད་བྲིས་འདུག མགོ་ཡང་ཚོས་པོ་ཞེ་དྲགས་འདུག དངོས་ཡོད་གནས་ཚུལ་དེ་གྲས་དེ་མར་འཁོད་ནས་[འདུག] འདི་གྲས་འདི་མར་འདི་ལྟར་ཀློག་དུས་ང་རང་གིས་མི་གོབས་གཏོགས་ཙམ་བཅད་འདུག་བསམ་པར་དྲན་ཐུབ་པ་ཞིག་འདུག ཧ་ཧ་ ཡག་པོ་ཞེ་དྲགས་བྲིས་འདུག བྱས་ཙང་ཐུགས་རྗེ་ཆེ་ཞེས་ཟེར་གི་ཡིན།
འདི་གའི་གཞིས་ཆགས་མི་མང་ལ་ཆ་བཞག་ན་ཐོག་མ་གཞིས་ཆགས་ཚུགས་པའི་སྐབས་ནས་བཟུང་སྟེ། མི་རབས་གཅིག་གཉིས་འགྲོ་གི་ཡོད། ཡིན་ནའང་ང་ཚོ་ཚང་མ་འདི་ག་སྤྱི་བའི་སྒྲིག་འཛུགས་ཤིག་གི་ཐོག་ནས་ལམ་སྟོན་བྱས་བཞག་པ་དེའི་ཐོག་ལ་ཤར་བསྐྱོད་བྱས་ནས་དཀའ་ངལ་ཏ་ཞེ་དྲགས་ཡོད་དེ། ཡིན་ནང་ཚང་མས་ཧུར་ཐག་འབད་ཐག་བྱས་ནས་[བསྡད་པ་རེད།] སྔ་མོ་ཐོག་མ་ང་ཚོ་གཞིས་ཆགས་ཚུགས་པའི་སྐབས་ཀྱི་གནས་ཚུལ་དང་བསྡུར་བ་ཡིན་ན། གཞིས་ཆགས་ཀྱི་གནས་སྟངས་ལ་མི་འདུག་མི་འདུག་ཅེས་ཟེར་བཞིན་ཡང་དྲག་ཏུ་འགྲོ་བཞིན་ཡོད། མིའི་ངོ་གདོང་ནས་ཤེས་གི་འདུག་གའ་། མགོ་སྟོད་ལ་ཡིན་ན་མིའི་ངོ་གདོང་སྐྱོ་བོ་ཞེ་དྲགས་ཡོད། བར་སྐབས་གང་ཅིའི་མཐུན་རྐྱེན་ཕྲན་བུ་དྲག་ཏུ་ཕྱིན་ནས། ཁྱེད་རང་ཚོའི་ངོ་གདོང་དེ་ཡང་དྲགས་[སུ]་ཕྱིན་ནས་[ཡོད] 
ད་དུང་ཡིན་ན་ཡང་ང་ཚོ་གཞིས་མི་སྟོང་ཕྲག་ཁ་ཤས་ཀྱི་ནང་ལོགས་ལ་གསེང་གསེང་དུ་སྐྱོ་བོ་དེ་འདྲ་ལྷག་བསྡད་ཀྱི་འདུག དེ་ཚོའི་གྲས་དེ་ལ་སྔོན་མ་ང་ཚོས་ངལ་སེལ་ཚོགས་ཆུང་ཟེར་བ་དེ་འདྲ་ཆེད་མངགས་བཙུགས་པ་རེད། ད་དུང་ཡིན་ན་ཡང་ཁྱེད་རང་ཚོ་གཞིས་མགོ་བདེ་དོན་གྱིས་མཚོན་པའི་ཁྱེད་རང་ཚོས་མི་སྐྱོ་བོ། ཁོ་རང་ཚོས་བདེ་སྡུག་ཤོད་པའི་སྤོབས་པ་མ་ཁྱེར་ནས་སྐྱོ་བོ་བྱས་ནས་བསྡད་སྡོད་མཁན་དེ་ཚོའི་གྲས་དེ་[]་ཡིན་གཅིག་མིན་གཅིག་བལྟ་དགོས། གང་ལྟར་ཁུག་ཁུག་སིམ་སིམ་ལ་མ་ལུས་པ་ཅིག་[བྱེད་དགོས།] དམན་ལ་ལྷག་པར་བརྩེ་བ་ཟེར་བ་དེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཚོའི་ཁྱད་ཆོས་སུ་གསུང་གི་ཡོད། ང་རང་ཚོ་དེའི་རྗེས་སུ་འབྲེང་མཁན་ཡིན་པ་ཡིན་སྟབས་སྐྱོ་བོ་ཚོ་ལ་དམིགས་བསལ་གྱི་བལྟ་རྟོགས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
དེ་བཞིན་དུ་གཞིས་ཆགས་བྷེ་ལ་ཀུ་བྷེ་ཡིན་ན་ཡང་རེད། འདི་ག་མོན་གྷོ་ཌི་ཡིན་ནང་ཡང་རེད། [འདི་དག་གི་ནང་ལ]་གྲ་ས་ཆེན་པོ་ཁག་ཁ་ཤས་ཤིག་ཚུགས་ཡོད། གྲ་ས་ཚོར་སྦྱིན་བདག་རོགས་རམ་བྱེད་མཁན་ཡོང་གི་ཡོད། གྲ་ཚང་འགའ་ཤས་ནས་མང་ཚོགས་ཀྱི་སློབ་སྦྱོང་གི་ཐོག་ལ་ཡང་སེམས་ཁུར་བླངས། ཁ་སང་ནས་ངས་འབོད་སྐུལ་ཞུས་བ་དེ་རེད། མུ་མཐུད་ནས་བྱེད་ཀྱི་ཡང་རེད་ལ། བྱེད་དགོས་པ་ཡང་རེད། དེ་བཞིན་དུ་འཕྲོད་བསྟེན་གྱི་ཐོག་ལ་ཡང་ཁུར་བླངས་ནས་ཡག་ཐག་ཆོད་འདུག ད་དུང་ཡིན་ན་ཡང་གཞིས་ཆགས་སོ་སོའི་ནང་ལོགས་ལ་གདན་ས་ག་བར་ཡོད་པ་སོ་སོའི་ཁོངས་དེར་མི་སྐྱོ་བོ་ལྷག་བསྡད་པ་དེ་ཚོའི་གྲས། དཔེར་ན་ཕ་མ་སྐྱོ་བོ། ཕྲུ་གུ་མཐུན་རྐྱེན་མེད་པ། དེ་བཞིན་ཕྲུ་གུ་སུ་ཞིག་ང་རང་ཚོའི་གཞིས་ཆགས་ནང་གི་སློབ་གྲྭ་ཐོན་ནས་མཐོ་རིམ་སློབ་སྦྱོང་ལ་འགྲོ་བའི་འདོད་པ་དང་། རྣམ་དཔྱོད་བློ་རིག་བཀྲ་བོ་ཡོད་པ་གང་ཞིག་ལ་ཕ་མ་སྐྱོ་བོ་བྱས་ནས་མཐུན་རྐྱེན་གྱིས་མ་འདང་བ་དེ་འདྲའི་ཐོག་ནས་ཡང་གཞིས་མགོ་བདེ་དོན་ཁག་གི་ཐོག་ནས་ཡང་རྒྱུས་ཡོད་བྱས་ནས་གྲ་ས་གྲྭ་ཚང་ཚོས་ཐོག་ནས་ཕྲན་བུ་ཕྲན་བུ་ཕན་ཐོགས་འདྲ་བྱེད་ཐུབ་པ་བྱུང་ན། དེ་ཡང་གནང་དགོས་ཡ་ཞིག་རེད་འདུག དེ་ཙམ་ཞིག་ཡིན།  
དེ་ནས་ཁ་སང་རྫ་ཆུ་ཁ་བའི་ཁོངས་ཀྱི་མི་གཅིག་གིས་ང་ལ་འདིར་ཡི་གེ་ཞིག་སྤྲད་སོང་། བྱས་ཙང་ཡི་གེ་འདིའི་ནང་ལ་ད་རེས་བརྟན་བཞུགས་འབུལ་གྱི་ཡོད། རྫ་ཆུ་ཁ་བས་གཙོས། གཞིས་བཞུགས་བོད་མིས་རྩ་ས་དང་ཆུ་ཡི་ཐོག་ལ་རྩོད་པ་བྱེད་པ། ཕུ་ནུ་ནང་དམེ། ལྷག་པར་གྲི་དང་མེ་མདའ་སྤྱད་ནས་ནང་འཛིང་གཏོང་བ། དགོན་སྡེ་ཕན་ཚུན་དཀོར་ཟ་འདུ་འགོད་དང་། ཆོས་ལུགས་གྲུབ་མཐའ་རྩོད་པ། སྤྲུལ་རྫུན་སྔགས་རྫུན། བླ་རྫུན། གྲ་རྫུན། དེ་འདྲ་གི་ཐོག་ནས་མགོ་སྐོར་སླུ་ཁྲིད་བྱེད་པ། བསྟན་འགྲོ་གཉིས་གནོད་ཀྱི་སྤྱོད་ངན། བལ་ཡུལ་དང་རྒྱ་གར་དུ། གནས་སྡོད་རྫ་ཆུ་ཁ་བ་འགའ་ཞིག་གིས་ནག་ཚོང་བྱེད་པ། ཁྲིམས་འགལ་ཐོག་ནུབ་ཕྱོགས་དང་ཨ་རི་བཅས་སུ་མི་གཏོང་བའི་ལས་དོན་གཉེར་ཏེ།དེ་འདྲ་བར་སྐབས་ཏོག་ཙམ་ཡོང་གི་འདུག་གའ། རྒྱ་གར་དང་བལ་ཡུལ་ནས་ཨ་མི་རི་ཀ་དང་ཡུ་རོབ་ལ་འགྲོ་མཁན་དེ་འདྲའི་[རྩ་ནས]་དངུལ་ཕོན་ཆེན་པོ་འབུམ་བཅུ་གྲངས་ཡང་ལེན་མཁན་དེ་འདྲ་འདུག་གའ། དེ་ཚོས་བོད་མི་ཕྱི་རྒྱལ་ལ་གཏོང་རྒྱུའི་ཐོག་ནས་ཚོང་བརྒྱབས། དེ་འདྲ་བྱེད་མཁན་འདུག་གའ་། སྔོན་མ་ནས་དེ་འདྲ་ཏོག་ཏོག་ཙམ་ཡོང་གི་ཡོད། ཨོ་འདིར་འདི་འདྲ་བཀོད་འདུགནུབ་ཕྱོགས་དང་ཨ་རི་བཅས་སུ་མི་གཏོང་བའི་ལས་དོན་གཉེར་ཏེ། གཞུང་དམངས་གཉིས་ཀྱི་མཚན་དོན་ལ་གནོད་པ་བྱེད་ཀྱི་ཡོད་པ་དངོས་ཡོད་ཡིན་པ་དེ་རིགས། ཅིའི་ཀྱང་དེ་ལྟར་མི་རུང་བའི་བསླབ་བྱ་དུས་ཐོག་ཆར་བ་དང་། གནག་ཐོག་གཙེག་འགེལ་གྱིས་བླང་དོར་བསླབ་བྱ་བདུད་རྩིའི་རྒྱུན་བཟང་ཞིག་ངེས་སྩོལ་ཡོང་བའི་སྐྱབས་འཇུག་ཟེར་བ་ཞིག་འདུག ད་ངས་ཆེན་པོ་ལབ་རྒྱུ་གང་ཡང་མི་འདུག བྱས་ཙང་ཁྱེད་རང་ཚོས་དེ་ཉེས་པ་ལ་ཉེས་པར་མཐོང་འདུག ད་ཉེས་པ་ལ་ཉེས་པར་མཐོང་དུས། ངས་གང་ཟེར་དགོས་ཟེར་ན། ཕྱིན་ཆད་ལེགས་པར་བསྡོམ་མམ་ཟེར་བ་དེ་རེད། (བཞད་མོའི་གདངས་དང་བཅས)་ཁྱེད་རང་ཚོས་ཉེས་པ་ལ་ཉེས་པར་ནི་མཐོང་འདུག དེའི་ཕྱིར་ད་ཕྱིན་ཆད་ལེགས་པར་བསྡོམ་མམ་ཞེས་ངས་འདི་འདྲི་རྒྱུ་ཡིན། ཁྱེད་རང་ཚོ་འབྲེལ་ཡོད་ཚང་མས། བསྡོམ་ལགས་སོ། ཞེས་དེ་འདྲ་ཡིན། (བཞད་མོའི་གདངས་དང་བཅས)་ཤེས་སོང་ངའ། ཧ་ཧ་ཧ་།
གཞན་ངས་འདིར་ལན་འཁྱོལ་ལ་མ་འཁྱོལ་བ་བྱས་ནས་ལབ་ཀྱིན་བསྡད་ན་དོན་གང་ཡང་མི་འདུག ད་ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ང་དྲུག་གི་སྒང་ལ་སླེབས་ཀྱི་ཡོད། ཐོག་མ་ཉིད་ནས་ཡུལ་ཆུ་བཏུང་ན་ཡུལ་ཁྲིམས། ཞེས་ཚང་མས་ཡ་རབས་བྱེད་དགོས་པ། ངས་འདིར་འཛམ་བུ་གླིང་འདིའི་སྒང་ལ་མི་ལ་ཐུག་ནས་སྐད་ཆ་བཤད་པའི་སྐབས་ལ་བོད་མི་ཆོས་དང་རིག་གཞུང་གི་ཡ་རབས་སྤྱོད་པ་ཡོད་ཅེས་སྐད་གསེངས་མཐོན་པོའི་ཐོག་ནས་ངས་བཤད་ཀྱི་ཡོད། ང་རང་[]་སྤོབས་ཡང་ཡོད། ངས་དེ་འདྲ་བོད་མི་ཚོ་ཡ་རབས་ཡོད། དྲང་པོ་བྱེད་ཀྱི་ཡོད། སེམས་པ་བཟང་པོ་ཡོད་ཅེས་སྐད་གསེངས་མཐོན་པོའི་ཐོག་ལ་བཤད་སྐབས་ཁྱེད་རང་ཚོ་རེ་ཟུང་རེ་ཟུང་གིས་༧རྒྱལ་བ་རིན་པོ་ཆེས་དེ་བཤད་ཀྱིན་ཡོད་རེད་དེ། ཞབས་འདྲེན་ངས་ཞུ་ཡོང་ཟེར་བ་ལྟར་བྱས་ནས། དེ་འདྲ་བྱས་ན་ཁྱོན་ནས་ཡག་པོ་ཡོད་མ་རེད་དའ་། ཤེས་སོང་ངམ། མཐར་ཐུག་དེར་ང་མ་བྲིན་བཟོ་གི་ཡོད། གཟབ་གཟབ་བྱས་ན་མ་གཏོགས་དེ་འདྲ་བྱས་ན་ཁྱོན་ནས་ཡག་པོ་མི་འདུག ཨོ་དེ་ཁྱེད་རང་ཚོའི་སེམས་ལ་འཇོག་དགོས། གཞན་དེ་ག་ཡིན། ད་དབུ་མཛད་ལགས་ཀྱིས་་་(ཕྱག་བརྡ་བཅས)

བརྟན་བཞུགས་འབུལ་ཚན་བཀྱག་ཚར་བའི་རྗེས་སུ་མཁན་ཚེ་རིང་བཀྲ་ཤིས་མཆོག་གིས་གཏན་ཚིགས་ཆེན་མོའི་སྙིང་བསྡུས་ཤིག་སྒྲོག་སྦྱང་ཞུས་པ་དང་དེའི་རྗེས་སུ་མཁར་ནང་འཕགས་བས་གཟེངས་བསྟོད་བྱམས་བརྩེའི་བདག་ཉིད་ཀྱི་འགྲེལ་བཤད་སྙན་སྒྲོན་ཞུས་རྗེས་༧ཁོང་གིས་ཨོ་ཡ། འདིར་ཤོག་ཤིག ཁྱོད་རང་ག་བ་བསྡད་གི་ཡོད་རེད། སུད་སི་ན་བསྡད་ཡོད་ཅེས་ལན་ཕུལ་རྗེས། ཨོ་འགྲིག་གའ། འགྲིག་གའ་། འགྲིག་གའ་། ཨོ་ཡ། ཨོ་འགྲིག་གའ་།་ཞེས་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་གསུང་བཞིན་མུ་མཐུད་ནས།
རྒྱ་གར་ལ་བཙན་བྱོལ་དུ་འབྱོར། དེ་ནས་སུད་སི་ལ་སླེབས་ནས་བསྡད་མཁན་ཞིག་ཡིན་པ་རེད་བའ། [བྱས]་ཙང་ཡག་པོ་ཞེ་དྲགས་བྱུང་འདུག ཁོ་རང་བོད་པའི་སེམས་ཤུགས། ལ་རྒྱ་ཞེན་ཁོག་འགྱུར་བ་མེད་པ་བྱས་ནས་ཡོད་བསྡད་པ་ཞེ་དྲགས་ཡག་པོ་རེད། དེ་དང་དེ་འདྲ་བ་ང་ཚོ་བོད་རིགས་གཞོན་སྐྱེས་མི་རབས་གསར་བ་དེ་གྲས་དེས་རྒན་པའི་གཞུག་ཏུ་ཡར་མཐུད་ནས་[ཡོང་གི་ཡོད་པ]་ཞེ་དྲགས་ཡག་པོ་འདུག ཡག་པོ་ཞེ་དྲགས་འདུག
ད་ཡིན་ན་ཡང་ང་ཚོ་ག་དུས་ཡིན་ཡང་ཁ་སང་གོང་དུ་ངས་ལབ་པ་ནང་བཞིན་རེད། ལེགས་པའི་ཆ་དེ་མི་གཞན་དག་ལ་བཤད་དུ་ཆུགས། སྐྱོན་གྱི་ཆ་དེ་ང་རང་ཚོ་རང་དོན་རང་གཅེས་བྱས་ནས་གཟབ་གཟབ་བྱས་ནས་འཐུས་མ་ཤོར་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ངས་ནམ་རྒྱུན་རྟག་པར་ཞུ་བཞིན་པ་དེ་རེད། དེ་ནས་ང་ཚོ་ཐོག་མ་བཙན་བྱོལ་ཆགས་པའི་སྐབས་ནས་བཟུང་སྟེ། རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་རྡུག་ས་ནས་བྱོས། ཞེས་རྟག་པར་བཤད་ཀྱིན་ཡོད་པ་དེ་རེད། [བྱས]་ཙང་དེ་འདྲ་ཡིན་དུས་འདི་ག་བྱེས་ལ་ཡོད་པའི་མི་མང་ཚོ་ལ་ཆ་བཞག་པ་ན་ཡང་སྤྱི་ཡོངས་ཀྱི་ཡག་ཐག་ཆོད་རེད། ད་དུང་ཡིན་ན་ཡང་ཡིད་གཟབ་བྱས་ནས་འཐུས་མ་ཤོར་ཞིག་དགོས་རྒྱུ། ལས་དོན་གང་ཅིའི་ཐོག་ལ་ཡིན་ན་ཡང་འཐུས་མ་ཤོར་བ་ཅིག་ཚང་མས་ཡིད་གཟབ་བྱེད་དགོས་རྒྱུ་[མ་གཏོགས།] ད་འགྲིག་འགྲོ་གི་རེད། འགྲིག་འགྲོ་གི་རེད། འགྲིག་འགྲོ་གི་རེད་ཅེས་བསམ་པའི་བསམ་བློ་དེ་མ་གཏོང་། ཤེས་སོང་ངམ། ང་རང་ཚོ་ཆོས་ཕྱོགས་ཀྱི་ཐོག་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུའི་དམིགས་ཡུལ་འཇོག་གི་ཡོད་མ་གཏོགས། ད་འགྲིག་འགྲོ་གི་རེད། འགྲིག་འགྲོ་གི་རེད་ཟེར་ནས་སྡོད་ཀྱིན་མེད་བའ། དེ་བཞིན་ང་རང་ཚོ་བོད་སྤྱི་བའི་དོན་དག་ཡིན་ཡང་། ད་འགྲིག་འགྲོ་གི་རེད་བསམ་པ་དེ་མིན་པར་རིག་པ་སྒྲིམ་ནས་གང་ཅིའི་ཆ་ནས་འཐུས་སྒོ་ཚང་བ་ཞིག་དང་། ལྷོད་ཡངས་མ་ཤོར་བ་བྱེད་དགོས་རྒྱུ་དེ་དཔེ་གལ་ཆེན་པོ་རེད།
དེ་ནས་གཙོ་ཆེ་བ་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་དེ་ངས་ནམ་རྒྱུན་རྟག་པར་བཤད་བཞིོན་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་དེ་གྲས་དེ་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད་དའ། ཞེས་བཤད་ཀྱིན་ཡོད། ང་རང་ལ་ཆ་བཞག་ན་གཞིས་ལུས་རྒྱ་ཆེའི་མི་མང་གི་རང་དབང་ལྡན་པའི་གཏམ་རྗོད་པ་ཞིག་ཡིན་ཞེས་ཟེར་སྡོད་གི་ཡོད་མ་གཏོགས། གཞིས་ལུས་རྒྱ་ཆེའི་མི་མང་གི་མགོ་ཁྲིད་ཡིན་ཞེས་ནམ་ཡང་ཟེར་གྱི་མེད། བསམ་བློ་དེ་འདྲ་གཏོང་གི་མེད། གང་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་དེ་གྲས་དེ། སྤྱི་ཡོངས་ནས་འཛམ་བུ་གླིང་འདིའི་སྒང་ལ་འཛམ་བུ་གླིང་ཧྲིལ་བོ་འདི་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་ལ་བདག་གི་ཡོད། འཛམ་གླིང་ཧྲིལ་བོ་འདིའི་བདག་པོ་དེ་འཛམ་གླིང་རྒྱ་ཆེའི་མི་མང་དུང་ཕྱུར་བདུན་ཅུ་དེ་རེད་མ་གཏོགས། དཔོན་པོ་ཡིན་ཟེར་མཁན་དང་། བླ་མ་ཡིན་ཟེར་མཁན་དང་། རྒྱལ་བོ་སོགས་དེ་གྲས་དེས་བདག་པོ་བྱེད་རྒྱུ་བསྡད་མེད། བྱས་ཙང་ཡུལ་ལུང་བྱེ་བྲག་པ་སོ་སོ་ཡིན་ཡང་ཡུལ་དེའི་མི་མང་ལ་བདག་གི་ཡོད། ང་ཚོ་བོད་ལ་ཆ་བཞག་ན་ཡང་བོད་རྒྱ་ཆེའི་མི་མང་ལ་བདག་གི་ཡོད།
ང་ཚོ་འདིར་ཡོད་པ་དེ་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཤིག་རེད། བོད་རྒྱ་ཆེའི་མི་མང་བ་བོད་མི་ས་ཡ་དྲུག་མ་ཟིན་ཙམ་ཞིག་སོ་སོའི་རང་ཡུལ་ལ་ལྷག་བསྡད་ཡོད། དེ་གྲས་དེ་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད། དུས་ད་ལྟ་བར་དུ་འཛམ་བུ་གླིང་འདིའི་སྒང་ལ་བོད་ཟེར་བའི་མིང་མ་བརླགས་པ་བྱས་བསྡད་རྒྱུ་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ། སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས། འདི་ལྟར་རི་བཙུགས་པ་ནང་བཞིན་བྱས་ནས་སོ་སོའི་མི་རིགས་ཀྱི་རང་ཚུགས་བཟུང་ནས་བསྡད་པ་དེ་རེད། དེ་ལ་བརྟེན་ནས་དེ་བྱུང་པ་རེད། ང་ཚོ་འདིར་བཙན་བྱོལ་ལ་ཡོད་མཁན་ཚོ་ལ་ཆ་བཞག་ན་ཡང་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་ག་ཚད་ཅིག་ཁེལ། སྙིང་སྟོབས་དེ་ག་ཚད་ཅིག་ཁེལ་ནས་ཡོད་པ་ཡིན་དུས། དངོས་གནས་དྲང་གནས་རྒྱུ་མཚན་ལྡན་པ་རེད་ལ། སྤོབས་པ་ཆེན་པོའི་ཐོག་ལ་གནས་ཚུལ་བཤད་ཡ་ཞིག་ཡོང་གི་འདུག་གའ་། [བྱས]་ཙང་དེ་འདྲ་ཡིན་དུས་གཞིས་ལུས་རྒྱ་ཆེའི་མི་མང་གི་དངོས་གནས་རང་ལྷག་བསམ་སྙིང་སྟོབས་ལ་རྗེས་སུ་ཡི་རངས་བྱེད་རྒྱུ་རེད།
དེ་ནས་སྐབས་སུ་བབ་པ་ད་ལྟ་ཁྱེད་རང་ཚོ་རྫ་ཆུ་ཁ་བ། ད་འདིར་ལོ་རྒྱུས་བཤད་ཡོང་དུས་སྔོན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་ཡུལ་དེ་ནས་འཁྲུངས་བ་དེའི་ནང་ལ་ལོ་རྒྱུས་འདུག་གའ་། ང[]་ཞིབ་ཕྲ་ག་ཡང་ནམ་རྒྱུན་ཤེས་ཀྱི་མེད། དེ་ཁྱེད་རང་ཚོས་འདི་ནས་མར་བཀོད་བཞག་པ་དེ་[རེད།] རྫ་དཔལ་སྤྲུལ་རིན་པོ་ཆེ་ངའི་སྤྱོད་འཇུག་གི་ཁྲིད་རྒྱུན་ཡོང་ས་གཙོ་བོ་དེ་རྫ་དཔལ་སྤྲུལ་རིན་པོ་ཆེ་རེད། བསམ་གྱིས་མི་ཁྱབ་པ་[རེད] [བྱས]་ཙང་ཁོང་གི་འཁྲུངས་ཡུལ་རེད་འདུག་གའ་། ཁོང་ལ་སོགས་པའི་སྐྱེས་བུ་དམ་པ་མང་པོ་བྱུང་བའི་ལོ་རྒྱུས་ཡོད་པ་ཞིག་[རེད།] དངོས་གནས་དྲང་གནས་ཀྱི་སྐྱེས་བུ་དམ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་ཤིག་ཡིན་པ་རེད།
དེ་ནས་ཁྱེད་རང་ཚོ་ད་ལྟའི་མི་རབས་ཚོ་ཡིན་ན་ཡང་དཀའ་ངལ་ཡོད་རེད་དེ། ཡིན་ན་ཡང་སྔར་བཞིན་དུ་ཚང་མས་སེམས་ཁུར་བསྐྱེད་ནས། དེ་ནས་ནམ་རྒྱུན་སེ་ར་བྱེས་དང་འབྲེལ་བ་ཡོད་པ། སེར་ཤུལ་དགོན་པར་ཆ་བཞག་ན་ཡང་སྔོན་མ་ཡིན་ན་ཡང་མཁས་པ་མང་པོ་བྱུང་བའི་བཤད་སྒྲ་ཆེན་པོ་ཞིག་རེད། ད་ལྟ་ཡིན་ན་ཡང་རིས་མེད་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་བ་འདུ་འཛོམས་བྱས་ནས་སློབ་གཉེར་རྒྱག་ས་ཡི་སྟི་གནས་ཞིག་ཆགས་འདུག་གའ་། གཞན་ཡང་སྨན་ཁང་དང་། དེ་འདྲའི་མཐུན་རྐྱེན་འདྲ་བོ་མང་པོ་ཞིག་སྒྲུབ་ཀྱི་ཡོད་པ་དེ་འདྲ་གོ་རྒྱུ་འདུག [བྱས]་ཙང་དེ་ཚོའི་གྲས་དེ་[]་རྗེས་སུ་ཡི་རངས་ཡོད། ཚང་མ[]་ད་ལྟ་བར་དུ་ཧུར་ཐག་བྱས་འདུག དེ་ནས་ད་དུང་ཡིན་ན་ཡང་ཚང་མས་ཧུར་ཐག་བྱེད་རོགས་ཞེས་ཟེར་ཡ་ཡིན།

ད་གིན་སེར་ཤུལ་བ་(འགའ་ཞིག་གིས་འདི་ལ་བསྲི་ཞུ་ཞེས་གོ་མཁན་ཡང་ཡོད་)་ཞིག་གིས་ང་ལ་ཡི་གེ་བྲིས་བ་ནང་བཞིན་ནོར་འཁྲུལ་སྐྱོན་ཆ་དེ་འདྲ་ཡོང་གི་ཡོད། དེ་ཚོ་དམིགས་སུ་བཀར་ནས་ཁྱེད་རང་ཚོ་མི་མང་གིས་སྤྱི་མོས་ཡོད་པའི་བླ་མ་ཡིན་རུང་། མི་དྲག་ཁག་ཡིན་ན་རུང་། ཚོགས་པ་དེ་འདྲ་ཡིན་རུང་། ཚང་མས་ཕྱར་བ་གྲུ་འདེགས་བྱས་ནས། སྐྱོན་གང་ནས་འཆོར་གི་འདུག་གམ། དེ་ཚོའི་ཐོག་ལ་ཚང་མས་ཁུར་མཉམ་ལེན་བྱས་ནས་ཧུར་བསྐྱེད་བྱེད་རོགས་བྱོས་ཞེས་ནས་ཟེར་རྒྱུ་དེ་ཡིན། གཞན་དག་ཞུ་རྒྱུ་གང་ཡང་མི་འདུག དེ་ནས་ཚང་མ་ལ་ཐུགས་རྗེ་ཆེ། 

No comments:

Post a Comment