༄༅། །ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན།
རྣམ་འདྲེན་སྟོབས་བཅུ་མངའ་བའི་ཐུགས་སྲས། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག།གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ།
སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་རོལ། རྒྱལ་མཆོག་ཕྱག་ན་པདྨོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག
འདིར་བཞུགས་སློབ་ཚོགས་འདུས་པ་རྒྱ་མཚོའི་དབུས་སུ། སྐུ་ལྷམ་མེ། གསུང་ལྷང་ངེ་། ཐུགས་ལྷན་ནེར་བཞུགས་པའི་གསེར་གྱི་ཁྲི་འཕངས་མངོན་པར་མཐོ་བའི་དྲུང་དུ།།
གུས་འབངས་རྫ་ཆུ་ཁ་གཞིས་བྱེས་སེར་སྐྱ་མཆོག་དམན་ཡོངས་ནས་༧མགོན་པོ་གང་ལ་བཅོས་མིན་གྱི་དད་པ་དང་།
གཡོ་བ་མེད་པའི་དམ་ཚིག རྨ་མེད་ཀྱི་ལྷག་བསམ་དག་པའི་ངང་ནས་སྒོ་གསུམ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ་གསོལ་བ་རྩེ་གཅིག་ཏུ་འདེབས་སྙིང་།
༼ཞུ་དོན་དང་པོ༽ རྫ་ཆུ་ཁ་སྤྱིའི་ངོ་སྤྲོད་སྙིང་བསྡུས།
བོད་མདོ་ཁམས་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས། རྫ་ཆུ་དལ་འབབ་རིང་མོའི་རྒྱུད་དུ་གཞིས་ཆགས་པའི་རྒྱ་ཁྱོན་ཚོ་མ་ལག་བཞི་བཅུར་ཉེ་བ་ཅན་གྱི་བྱང་སྡེ་ཉི་མ་རྫ་ཆུ་ཁ་ནི་༧རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བདག་སོགས་ལྷ་དང་བཅས་པའི་ཁམས་གསུམ་འགྲོ་བ་སྤྱི་དང་།
ཡང་སྒོས་བོད་ཡུལ་སཱ་ལའི་སྨན་ལྗོངས་འདི་བཞིན་གང་གི་གདུལ་ཞིང་དུ་བཞེས་པ་ནས་བཟུང་། བོད་ཀྱི་ཆོས་རྒྱལ་རིམ་བརྒྱུད་ནས་ཆབ་སྲིད་འཕེལ་གྲིབ་ཇི་ལྟར་ཡང་།
དུས་ད་ལྟའི་བར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་། དེའི་རྒྱུན་རྩོད་མེད་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་དང་།
རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་རྗེའི་གྲིབ་བསིལ་གྱིས་འཚོ་བཞིན་དད་དམ་གཡོ་བ་མེད་པའི་ངང་དུ་གནས་ཤིང་།
འདས་མ་ད་གསུམ་ལ་བསིལ་ལྡན་གངས་རིའི་ལྗོངས་ཀྱི་ཆབ་འབངས་རྣལ་མ་ཞིག་གི་འདུ་ཤེས་སྐད་ཅིག་ཙམ་ཡང་དོར་མ་མྱོང་པའི་འབྲོག་སྡེ་ཞིག་ཡིན།
ཡུལ་འདིར་ཆབ་འབངས་ཕལ་ཆེར་རྙིང་མ་དང་དགེ་ལྡན་གྱི་ཆོས་བརྒྱུད་འཛིན་པར་གཏོགས་ཤིང་། དཔལ་ས་སྐྱ་དང་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱང་རེ་ཟུང་ཡོད།
སྔོན་གྱི་དུས་སུ་གནས་འདིར་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། སྤྱོད་འཇུག་བསྟན་པའི་བདག་པོ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།
འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ།
འཇུ་མཁན་ཆེན་ངག་དབང་ཕུན་ཚོགས། སེར་ཤུལ་སྦྲ་ཆེན་བློ་བཟང་ཕུན་ཚོགས། ཇོ་བོ་མཁན་པོ་མདོ་རྒྱུད། མང་དགེ་རྡོ་རྗེ་འཆང་ཁྱབ་བདག་དགེ་ལེགས་ཡར་འཕེལ། ཁམས་ཀྱི་སྟག་མོ་ཁ་ར། མཁར་ནང་དཔོན་སྤྲུལ་རྗེ་བཙུན་བློ་བཟང་འཇམ་དབྱངས་མཁྱེན་རབ་འཕྲིན་ལས་རབ་རྒྱས། རྒྱལ་སྲས་གཞན་ཕན་མཐའ་ཡས། ཁྱེའུ་ཡོལ་རིག་འཛིན་ཆེན་མོ་དཔའ་བོ་ལས་རབ་རྩལ། གཞན་ཕན་ཆོས་ཀྱི་སྣང་བ། དགེ་མང་མཁན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ། བཱ་ཐུར་མཁན་པོ་ཐུབ་བསྟན་ཆོས་འཕེལ། བྱ་བྲལ་དགེ་བཤེས་བཀྲིས་འབུམ། ཨ་རིག་མཁན་ཆེན་པདྨ་ཚེ་དབང་སོགས་རིས་སུ་མ་ཆད་པའི་ཡོངས་གྲགས་སྐྱེས་ཆེན་དམ་པ་མང་པོ་བྱོན་མྱོང་ཞིང་། ལྷག་པར་དུ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སློབ་བརྒྱུད་དང་བཅས་པའི་བཀའ་དྲིན་ལས་ཆོས་བརྒྱུད་ཕན་ཚུན་བར་ལ་བརྩི་བཀུར་དང་དག་སྣང་གི་གོམས་གཤིས་ལེགས་པོ་ཞིག་མི་ཉམས་རྒྱུན་འཇགས་སུ་གནས་ཡོད།

༼ཞུ་དོན་གཉིས་པ༽ བརྟན་བཞུགས་འདིའི་རྒྱབ་ལྗོངས་དང་དམིགས་ཡུལ།
འདི་ལོ་རང་གཞུང་བཀའ་ཤག་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་དམིགས་བསལ་སྲུང་བརྩི་ཞུ་བར་གཏན་ཁེལ་བྱས་པ་དང་བསྟུན།
བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྡེ་ཁག་སོ་སོའི་གཞིས་བྱེས་གཉིས་ཀྱི་མི་སྣ་ཆེད་བསྐོས་ཀྱིས་བསམ་ཚུལ་བསྡུ་ལེན་བྱས་མཐར་མ་གྲོས་བསམ་པ་གཅིག་མཐུན་ངང་གཞན་ལ་འགྲན་སེམས་དང་།
དམ་ཚིག་མི་གཙང་བ་དང་། ཀུན་སློང་མ་དག་པ་བཅས་ཀྱིས་བསླད་པ་མེད་པར་རང་རང་གིས་དང་བས་ཀུན་ནས་བསླངས་ཤིང་།
འདི་ཕྱིའི་བསོད་ནམས་གསོག་པའི་བགོ་སྐལ་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་ཐོག གཞིས་ལུས་རྫ་ཆུ་ཁའི་མི་མང་གཙོ་བཟུང་གིས་ཚང་མས་ཆ་ཤས་བླངས་ཏེ།
བརྟན་བཞུགས་ཚད་ལྡན་ཞིག་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འབུལ་རྒྱུའི་མང་མོས་ཐག་ཆོད་བྱུང་བ་བཞིན།
དེ་ཡང་བརྟན་བཞུགས་ཀྱི་འབུལ་ཚན་སོགས་དངོས་རྫས་རིན་ཐང་ཆེ་བ་ཅི་ཙམ་ཕུལ་པ་དེའི་ཚོད་ཀྱི་གདུལ་བྱའི་བསོད་ནམས་གསོག་པ་དང་།
བསོད་ནམས་དེ་ཡང་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུ་རུ་འགྱུར་བར་དམིགས་ནས་རྒྱུ་གསེར་དངུལ་ལས་གྲུབ་པའི་མཎྜལ་དང་།
སྐུ་རྟེན་དུ། གསེར་ཟངས་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོ་དང་།
ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན།
གསུང་རྟེན་དུ། བོད་ནས་ཆེད་དུ་གདན་ཞུས་ཀྱི་སྡེ་དགེ་ཤིང་དཔར་བཀའ་འགྱུར་རིན་པོ་ཆེ་གླེགས་ཤིང་གླེགས་ཐག་དང་བཅས་པ་རང་འགྲིགས།
ཡོངས་གྲགས་རྫ་ཆུ་ཁའི་སྔོན་བྱོན་དམ་པ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་འབུམ་པོད་དྲུག
རྫ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་གསུང་འབུམ་པོད་དགུ། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད་སོ་གཉིས།
སེར་ཤུལ་སྦྲ་ཆེན་བློ་བཟང་ཕུན་ཚོགས་ཀྱི་གསུང་འབུམ་པོད་བཞི། མཁར་ནང་དཔོན་སྤྲུལ་རྗེ་བཙུན་བློ་བཟང་འཇམ་དབྱངས་མཁྱེན་རབ་འཕྲིན་ལས་རབ་རྒྱས་ཀྱི་གསུང་འབུམ་པོད་གཅིག
མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་གསུང་གཞུང་ཆེན་བཅུ་གསུམ་པོད་དྲུག ཨ་རིག་མཁན་པོ་པད་མ་ཚེ་དབང་གི་གསུང་རྩོམ་པོད་གཉིས་བཅས་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་འབུམ་ཁག་དང་།
ཐུགས་རྟེན་ལ། གསེར་ཟངས་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན།
གཞན་ཡང་དངུལ་རྐྱང་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་དང་། རྫས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས་ཀྱིས་མཚོན་ཅི་འབྱོར་གྱི་མཆོད་པ་འདི་ཉིད་ཕུལ་བའི་བསོད་ནམས་རྣམས་མགོན་པོ་གང་ཉིད་བསྟན་པ་དང་འགྲོ་བའི་མགོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ།
༼ཞུ་དོན་གསུམ་པ༽ མགོན་པོ་གང་ཉིད་ལ་བཀའ་དྲིན་རྗེས་དྲན་ཞུ་བ།
༧གོང་ས་སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུའི་ཕྲེང་བ་བཅུ་བཞི་བ་ཆེན་པོ་མཆོག་གིས་སྐྱེ་འགྲོ་སྤྱི་དང་།
ཁྱད་པར་གངས་ཅན་པ་རྣམས་ཀྱི་ཆོས་དང་ལེགས་བྱང་མི་རིགས་དང་བཅས་པ་ཆག་འཇིག་གི་སོ་འཚམས་སུ་གྱུར་པའི་སྐབས་ཞུམ་མེད་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ།
བོད་འབངས་རྣམས་ཡ་ང་བའི་གཉན་འཕྲང་ལས་བསྐྱབས་པར་མཛད་པ་དང་། བོད་བརྒྱུད་ནང་བསྟན་གྱིས་མཚོན་བོད་ཀྱི་ཐུན་མིན་ཁྱད་ཆོས་རྣམས་འཇིག་རྟེན་ཡོངས་སུ་ཁྱབ་པར་མཛད་པ་མ་ཟད།
དེང་རབས་ཀྱི་སྐྱེ་རྒུའི་དགོས་མཁོ་དང་། ཁམས་མོས་ལ་འཚམས་པའི་གདམས་ངག་ཀུན་ཁྱབ་ཀྱི་མཛད་པ་ཁུར་དུ་བཞེས་པ་དང་།
ཆོས་ལུགས་མཐུན་སྒྲིལ། བཟང་སྤྱོད་གོང་སྤེལ་སོགས་བླ་ན་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ།
དམིགས་བསལ་བོད་བརྒྱུད་ནང་བསྟན་འདི་ཉིད་གཏན་གནས་རྒྱུན་སྐྱོང་ཡོང་ཐབས་ལ་བསྟན་པ་སྤྱིའི་རྣམ་བཞག་དང་མི་མཐུན་པ་ཐེར་འདོན་གནང་སྟེ་བསྟན་པ་དག་ཐེར་མཛད་ཅིང་།
ཆབ་སྲིད། མི་རིགས། རིག་གནས་དང་བཅས་པའི་ཕན་བདེར་གཅིག་ཏུ་དགོངས་ཏེ། སྤྱི་ལོ་༢༠༡༡་ལོར་༧རྒྱལ་མཆོག་ལྔ་པ་ཆེན་པོ་ནས་རིམ་པར་བརྒྱུད་པའི་ཆབ་སྲིད་ཀྱི་མཛད་འགན་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་དབུ་ཁྲིད་ལ་བརྒྱུད་སྤྲོད་གནང་བ་དང་། སླད་མའི་ཆར་ཡང་། སྐྱེ་འགྲོ་སྤྱི་དང་རི་ཁ་བ་ཅན་གྱི་བླ་ན་མེད་པའི་མགོན་དཔུང་དམ་པར་སྐུ་ཚེ་རིང་དུ་འཚོ་གཞེས་ཀྱི་ཞལ་བཞེས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་གུས་འབངས་བོད་མི་སྤྱི་དང་།
སྒོས་སུ་རྫ་ཆུ་ཁ་གཞིས་བྱེས་ཡོངས་ནས་༧གོང་ས་མཆོག་གི་གསང་གསུམ་སྤྱི་དང་བྱེ་བྲག་གི་མཛད་པ་ལ་རྒྱུ་མཚན་གྱི་ལམ་ནས་དཔྱད་ཞིབ་གདེངས་འཇོག་ཞུས་པའི་ཆེད་དེབ་“ཤེས་རབ་ཀྱི་བདག་པོ།”་ཞེས་པས་མངོན་པར་བསྟོད་པ་དང་སྦྲགས།
བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་(བྱམས་བརྩེ'འི་བདག་ཉིད)་ཞེས་པ་འདི་བཞིན་འབུལ་རྒྱུ་ལགས་ན། ཐུགས་བརྩེ་བ་ཆེན་པོས་དགྱེས་བཞེས་ཅི་ནས་ཀྱང་ཡོང་བ་ཞུ་རྒྱུ།
༼ཞུ་དོན་བཞི་པ༽ གཟེངས་བསྟོད་ཀྱི་འགྲེལ་བཤད།
དང་པོ། མཚན་བྱང་གི་དོན་ནི།
༧མགོན་པོ་གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་མཐའ་དག་གིས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་བྱམས་བརྩེས་སྐྱོང་གནང་མཛད་བཞིན་པའི་དོན་གྱིས་ན་གཟེངས་བསྟོད་འདིའི་མཚན་ལ་བྱམས་བརྩེའི་བདག་ཉིད་དུ་འབོད།
གཉིས་པ། མཚོན་དོན་ནི།
༡༽ གཟེངས་བསྟོད་འདི་ཉིད། རྒྱུ་དྭངས་གསལ་རིན་ཆེན་ཆུ་ཤེལ་ལས་གྲུབ་པ་འདིས་༧མགོན་པོ་གང་གི་ཐུགས་མཁྱེན་པའི་བདག་ཉིད་ཆོས་སྲིད་ལེགས་ཉེས་བླངས་དོར་ཀུན་ལ་འཁྲུལ་བའི་དྲི་མ་ཅུང་ཟད་ཀྱང་མི་མངའ་བར་མཛད་པ་མཐའ་དག་ཕྱི་གསལ་ནང་གསལ་སྒྲིབ་གཡོགས་མེད་པ་མཚོན།
༢༽ དབུ་རྩེ་གའུའི་དབྱིབས་ལྟར་ཡོད་པ་འདིས་༧གང་ཉིད་རྒྱལ་བ་ཀུན་གྱི་ནུས་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན་པ་མཚོན།
༣༽ དབུ་ངོས་སུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དང་། མདུན་ངོས་སུ་སྟོང་བ་རྟེན་འབྱུང་གི་རང་སྒྲ་རྒྱུན་མི་འཆད་པར་སྒྲོག་པའི་ཤེས་རབ་སྙིང་པོ་བཞུགས་སུ་གསོལ་བ་འདིས་སྙིགས་མའི་དུས་འདིར་༧མགོན་པོ་གང་ཉིད་སྟོན་པ་ཐུབ་པའི་དབང་པོའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་འཕྲིན་ལས་ཀྱི་ངོ་བོ་དངོས་ཡིན་པ་མཚོན།
༤༽ ཤེས་རབ་སྙིང་པོའི་གཤམ་དུ་ཞབས་བརྟན་གསོལ་འདེབས་བྱིན་རླབས་ཅན་ཚིགས་བཅད་གཉིས་ཡོད་པ་འདིས། རྫ་ཆུ་ཁ་བ་ལྷ་འབངས་ཡོངས་རྫོགས་ཀྱིས་ཆོས་བརྒྱུད་དམ་གཙང་འོ་ཆུ་གཅིག་འདྲེས་ངང་༧མགོན་པོ་གང་ཉིད་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་འདེབས་པ་མཚོན།
༥༽དེའི་འོག་ཏུ་ཆུ་སྐྱེས་པད་དཀར་གྱི་འདབ་མ་ཕྱོགས་ཀུན་རྒྱས་པ་འདིས་༧གང་ཉིད་ཀྱི་བྱམས་དང་བརྩེ་བའི་གཟི་བྱིན་འཛམ་གླིང་ཀུན་ལ་འཕྲོ་ཞིང་རྒྱས་པ་མཚོན།
༦༽ ཤེས་རབ་སྙིང་པོ་སོགས་ཀྱི་མཐའ་མུ་ཁྱུད་ཀྱིས་ལེགས་པར་བསྐོར་བ་འདིས་སྟོན་པ་ཐུབ་པའི་དབང་པོའི་གསུང་ཐམས་ཅད་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་དོན་དུ་འབབ་པ་དང་། དེ་ཡང་བསླབ་གསུམ་ཡ་མ་བྲལ་ཞིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བར་༧མགོན་པོ་གང་ཉིད་ཀྱིས་ཇི་བཞིན་ཉམས་བཞེས་དང་འཛིན་སྐྱོང་སྤེལ་གསུམ་གནང་བ་མཚོན།
༧༽ རྩ་བ་བརྟན་ཅིང་རླིངས་ལ་བརྗིད་ཆགས་པ་འདིས་༧མགོན་པོ་གང་ཉིད་ཀྱིས་རྒྱལ་སྲས་སེམས་དཔའ་ཆེན་པོའི་ཐུགས་སྟོབས་བདག་གིར་བཞེས་ཏེ་འགྲོ་བའི་དོན་མཛད་པ་ལ་ཅུང་ཟད་ཙམ་ཡང་མི་ངལ་བར། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པའི་ཐུགས་སྨོན་ལྟར་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་བཞུགས་པར་མཚོན།
༨༽རྩ་བའི་བཟོ་དབྱིབས་མི་འདྲ་ཞིང་། བང་རིམ་གསུམ་དུ་ཡོད་པ་འདིས་༧མགོན་པོ་སྙིང་རྗེའི་གཏེར་ཆེན་གང་ཉིད་ཀྱིས་དེང་གི་དུས་འདིར་སྐྱེ་འགྲོ་མཐའ་དག་མ་ཡི་བུ་གཅིག་པ་ལྟར་བརྩེ་བས་སྐྱོང་ཞིང་། སྤྱིར་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ། སྒོས་ཁ་བ་གངས་ཅན་པའི་ཆོས་དང་། རིག་གཞུང་། མི་རིགས། ལེགས་བྱང་དང་བཅས་པ་གཏན་གནས་རྒྱུན་སྐྱོང་ཡོང་བ་ལ་གཡེལ་བ་མེད་པར་བརྩོན་གནང་མཛད་པ་བཅས་ཡོངས་གྲགས་མཛད་ཆེན་གསུམ་དུ་བསྡུས་ནས་མཚོན་པ་ལགས། །།

༼ཞུ་དོན་ལྔ་བ།༽ བཀའ་བཞིན་སྒྲུབ་པའི་མཆོད་པ།
མགོན་པོ་གང་གིས་ཆོས་སྲིད་གཉིས་ཀྱི་བཀའ་སློབ་དང་ལམ་སྟོན་ཟབ་ཅིང་རྒྱ་ཆེ་བ་དུས་ནས་དུས་སུ་ཕེབས་དོན་བཞིན་ལག་ལེན་ལ་བསྟར་རྒྱུ་དེ་ཡིན་ཀྱང་།
སྐྱེ་འགྲོ་བསོད་ནམས་དམན་ཅིང་སྙིགས་ལྔའི་རང་མཚང་ཆེས་ཆེར་བརྡོལ་བའི་སྐབས་འདིར་། སྐྱེ་བོ་རྣམས་དུག་གསུམ་གྱི་གཞན་དབང་དུ་སོང་ནས་བཀའ་གསུངས་ཅི་བཞིན་སྒྲུབ་མ་ཐུབ་པ་ལ་གནོངས་འགྱོད་ཆེན་པོའི་སྒོ་ནས་མཐོལ་བཤགས་སྙིང་ནས་ཞུ་རྒྱུ་དང་ཆབས་ཅིག
བཀའ་གསུང་ལག་ལེན་དུ་བཀལ་བ་ཅུང་ཟད་ཡོད་པ་ནི། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་པའི་གཞིས་བྱེས་གཉིས་ཀྱི་རིས་སུ་མ་ཆད་པའི་ཆོས་གྲྭ་ཆེན་པོ་ཁག་ནས་བསླབ་མཐར་སོན་པའི་དགེ་བཤེས་དང་།
མཁན་པོ། བླ་སྤྲུལ། བློ་གསལ་སློབ་གཉེར་བ་གང་འཚམས་ཤིག་གིས་རང་ཡུལ་དུ་གཞུང་ཆེན་སློབ་གཉེར་དང་།
སྤྱི་ཚོགས་ཀྱི་ཁ་ཕྱོགས། རིག་གནས་དར་སྤེལ་སོགས་ལ་སྒོ་ཀུན་ནས་བརྩོན་པ་ལྷུར་ལེན་བྱེད་བཞིན་པ་དང་།
དུས་ནས་དུས་སུ་བོད་ཀྱི་ཐུན་མིན་ཡ་རབས་བཟང་སྤྱོད་གཙོ་གཟུང་བྱས་ནས་གཞུང་ཆེན་དང་རིག་གནས་ཁག་ལ་བགྲོ་གླེང་།
ཚད་མ་རིག་པའི་གཙོས་གཞུང་ཆེན་རྩོད་གྲྭ་མདོ་ཁམས་འཇང་དགུན་ཆོས་ཆེན་པོ་གསར་འཛུགས་དང་རྒྱུན་སྐྱོང་།
རིས་མེད་དགོན་ཁག་སོ་ལྔ་ལྷག་ཡོད་པའི་ནང་ཕལ་ཆེ་བ་གཞུང་ཆེན་སློབ་གཉེར་སྔར་མེད་གསར་འཛུགས་བྱས་ཟིན་པ།
གཞན་ཡང་རིག་གནས་སློབ་གྲྭ་མང་ཙམ་གསར་འཛུགས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཁྱབ་སྤེལ།
དགོན་ཁག་ཚང་མའི་སྤྱི་ཐབ་དཀར་སྐྱོང་བྱས་ཟིན་པ། རང་སྡེ་ནང་ཁུལ་མཐུན་འབྲེལ་ཡོང་ཐབས་ལ་ཚོགས་པ་ཆེད་འཛུགས་བྱས་ནས་ལས་དོན་སྒྲུབ་བཞིན་པ།
དམིགས་བསལ་འདི་ལོ་༧རྒྱལ་བ་ཡིད་བཞིན་ནོར་བུའི་སྐུའི་ཚེ་སྒྲུབ་ལ་དམིགས་ནས་ཉམ་ཐག་གསོད་ལ་ཉེ་བའི་དུད་འགྲོ་ཆེ་ཆུང་ས་ཡ་མང་པོ་སྲོག་ཉེན་ལས་ཐར་བ་བྱས་ཡོད།
མ་ཟད་མགོན་པོ་མཆོག་གི་སྐུའི་བརྟན་བཞུགས་ཀྱི་སྒྲུབ་ཞགས་ལ་དམིགས་ནས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུ་བཞུགས་ཐོག
རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ནས་རྒྱལ་དབང་ལྔ་བ་ཆེན་མོའི་གསུང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་གནད་སྨིན་ཞུས་ཤིང་།
སྒྲུབ་པའི་ཚོགས་དབུས་སུ་སྐྱབས་རྗེས་ཟམ་གདོང་རིན་པོ་ཆེ་དང་སེར་བྱེས་མཁན་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་ཡང་ཕེབས་ཐུབ་པ་བྱུང་ཡོད།
དེ་བཞིན། ཐེག་མཆོག་རྣམ་གྲོལ་གླིང་དུ་གསང་སྔགས་རྙིང་མའི་ཆོས་བརྒྱུད་ནས་གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་འདུས་ཀྱི་སྒོ་ནས་ཚེ་སྒྲུབ་བཙུགས་ཏེ་དེ་རིང་བར་དུ་སྒྲུབ་ཞགས་རྒྱུན་མ་ཆད་པར་བཟུང་ཡོད།
ལྷག་པར་དུ་དམ་སྲི་དོལ་རྒྱལ་བསྟེན་གསོལ་གྱི་ཐད། སྤྱིར་རྫ་ཆུ་ཁ་བའི་ཁོངས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མྱོང་མཁན་དགོན་ཁག་རེ་ཟུང་ལས་བྱུང་མྱོང་མེད་ཅིང་།
ད་ཆ་དེ་དག་ཚུད་པའི་རྫ་ཆུ་ཁ་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ནས་སྤང་བླང་འཇུག་ལྡོག་སྤྱི་མཚུངས་ལྟར་ཚུལ་མཐུན་ཞུས་ཟིན་པ་མ་ཟད།
མ་འོངས་བར་ཡང་དེ་ཕྱོགས་མི་རབས་རྒྱུད་བཅས་ཀྱིས་མུ་མཐུད་རྒྱུན་འཁྱོངས་ནན་ཏན་ཞུ་རྒྱུའི་དམ་བཅའ་གཙང་མ་འབུལ་རྒྱུ་དང་། སླད་མར་ཡང་། ༧མགོན་པོ་མཆོག་གི་བཀའ་གསུང་གི་སྙིང་པོ་མཐའ་དག་སྒོ་ཀུན་ནས་སྒྲུབ་གང་ཐུབ་ཀྱི་བརྩོན་པ་ལྷུར་ལེན་བྱེད་རྒྱུའི་དམ་བཅའ་ཡང་གཙང་མ་འབུལ་རྒྱུ་ཡིན།
༼ཞུ་དོན་དྲུག་པ།༽ གདུང་ཤུགས་དྲག་པོས་གསོལ་འདེབས་དང་སྐྱབས་སྨོན་ཞུ་རྒྱུ།
༧མགོན་པོ་སྙིང་རྗེའི་གཏེར་ཆེན་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་རང་ཅག་རྫ་ཆུ་ཁ་བ་གཞིས་བྱེས་གཉིས་ལ་དམིགས་སུ་བཀར་བའི་ཆོས་སྲིད་གང་ཐད་ནས་བླང་དོར་བཀའ་སློབ་ལམ་སྟོན་ཞིག་སྩོལ་གནང་ཡོང་བའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང་།
སླད་མར་མགོན་པོ་གང་ཉིད་ཀྱིས་སྙིགས་ལྔའི་སྐྱེ་བོའི་སྤྱོད་ཚུལ་ལ་ཐུགས་སྐྱོ་བའི་གཟིགས་པ་ཅུང་ཟད་ཀྱང་མི་གནང་བར།
སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་ཆ་ཕྲ་མོ་ཙམ་ཡང་བཞེས་ཚུལ་མི་མཛད་པར། བསྟན་འགྲོའི་མགོན་དཔུང་དམ་པར་ཞབས་པད་བསྐལ་བརྒྱར་བརྟན་ཅིང་།
རིང་མིན་བསིལ་ལྡན་གངས་རིའི་ལྗོངས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་རྣམ་པར་བསྒྱུར་ཏེ། བོད་འབངས་ཡོངས་ལ་ཕུན་ཚོགས་སྡེ་བཞིའི་ལེགས་ཚོགས་ཀྱི་གཏེར་ཆེན་པོ་སྩོལ་བ་དང་ཆབས་ཅིག
བདག་ཅག་རྫ་ཆུ་ཁར་ཡང་༧གང་ཉིད་ཀྱི་གསེར་ཞལ་རྣམ་པར་ངོམ་ཏེ་ཟབ་རྒྱས་གསུང་གི་བདུད་རྩིས་ཚིམས་པར་མཛད་དུ་གསོལ་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན།
དེ་དོན་རྣམ་མཁྱེན་ཆོས་ཀློང་ཆེན་པོར་མངའ་བ་མཁྱེེན། མཁྱེེན། མཁྱེན།
མཁྱེན།
མཁྱེན།
བོད་རྒྱལ་ལོ་༢༡༤༡་བོད་ཟླ་༡༡་ཚེས་༧།
ཕྱི་ལོ༢༠༡༤་ཟླ་༡༢ཚེས་༢༨་བཟང་པོ་བཅུ་འཛོམས་ཀྱི་དུས་བཟང་གི་ཉིན་རྫ་ཆུ་ཁ་བ་ལྷ་འབངས་ཡོངས་ཀྱིས་མགྲིན་གཅིག་ཏུ་སྒོ་གསུམ་གུས་པ་ཆེན་པོས་ཕུལ།།
།།
No comments:
Post a Comment