ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།
ཁ་བྱང་གི་འགྲེལ་བ།
གངས་རིའི་མགོན་པོ་ནི། ཇི་སྐད་དུ། “ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྡྲལ་ཡོད།། གངས་དཀར་བོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་བོ་གསེར་གྱི་ས་གཞི་ཡོད།། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།”བཀའ་གདམས་གླེགས་བམ་ལས་དྲངས། ཞེས་ཇི་ལྟར་ལུང་དུ་བསྟན་པ་བཞིན་འཕགས་མཆོག་མིག་མི་ཟུམ་པ་ནི་གྲངས་མེད་བསྐལ་བ་མང་པོའི་སྔོན་ནས་ཞིང་འདི་དང་གནས་ཉིད་བདག་གིར་མཛད་པ་ཡིན་པས་ན་གངས་རིའི་མགོན་པོ་ཞེས་ལྷ་ཀླུ་མི་གསུམ་དང་སྲིད་པ་གསུམ་གྱི་ཡུལ་དུ་གྲགས་པ་ཡིན།
གངས་ཅན་པ་ནི། ཇི་སྐད་དུ། “འཛམ་གླིང་ཤར་ཕྱོགས་ཞབས་ཀྱིས་བཅགས་པའི་བྱམས་སེམས་ཅན་གྱི་མི་རིགས་ཤིག ། གནམ་འདེགས་གངས་རིའི་རྩེ་རུ་བསྙེགས་ཏེ་བདེ་བ་ཅན་ལ་རྒྱང་གཟིགས་མཛད། ། འཁོར་བ་སྡུག་གི་མྱ་ངན་ཐང་ན་རང་སྲོག་བྱེ་མ་རླུང་གིས་བསྐྱོད་ཀྱང་། ། འགྲོ་དྲུག་སེམས་ཅན་ཐུགས་སུ་འཛིན་པའི་བླ་མེད་བྲང་ཁོག་ཡངས་ཤིང་ཆེ། ། འདི་བཙན་པོའི་གདུང་རྒྱུད་དེ། ངེད་གངས་ཅན་བོད་པ་རེད། ། ང་དགའ་དུས་སྙིང་གཏམ་བཤད་ཡ་དང་། ། ང་སྡུག་དུས་སྐྱོ་གླུ་ལེན་ས་རེད། ། འདི་བཙན་པོའི་གདུང་རྒྱུད་དེ། ངེད་གངས་ཅན་བོད་པ་རེད། ། འདི་བཙན་པོའི་གདུང་རྒྱུད་དེ། ངེད་གངས་ཅན་བོད་པ་རེད། ། ༄། །བྲེ་སེར་འབྲོང་གི་ར་རྩེར་བསྐྱོན་པའི་གདོང་དམར་ཅན་གྱི་མི་རིགས་ཤིག ། ཡར་ཀླུང་གཙང་པོའི་འགྲམ་ནས་ཆས་ཏེ་རྟ་ཕོའི་རྨིག་སྒྲ་ཕྱོགས་བཞིར་བསྐྱལ། ། ཆོལ་ཁ་གསུམ་གྱི་སྐྱིད་སྡུག་ལོ་ཟླ་ཨ་མའི་གདོང་ན་རྒས་ཤིང་འཁོགས་རུང་། ། ཕ་གཞིས་གཙང་མའི་གླུ་སྐད་སྙན་མོ་ནམ་ཡང་དགུང་སྔོན་དབྱིངས་སུ་གྲགས། ། འདི་བཙན་པོའི་གདུང་རྒྱུད་དེ། ། ངེད་གངས་ཅན་བོད་པ་རེད། ། ང་དགའ་དུས་སྙིང་གཏམ་བཤད་ཡ་དང་། ང་སྡུག་དུས་སྐྱོ་གླུ་ལེན་ས་རེད། ། འདི་བཙན་པོའི་གདུང་རྒྱུད་དེ། ། ངེད་གངས་ཅན་བོད་པ་རེད། ། འདི་བཙན་པོའི་གདུང་རྒྱུད་དེ། ། ངེད་གངས་ཅན་བོད་པ་རེད། ། གངས་ཅན་པ། ། འདི་བཙན་པོའི་གདུང་རྒྱུད་དེ། ། ངེད་གངས་ཅན་བོད་པ་རེད། ། གངས་ཅན་པ། གངས་ཅན་པ། གངས་ཅན་པ།”་(སྒྲོལ་མ་སྐྱབས་ཀྱིས་བླངས་ཤིང་ཇོ་ནེ་ཡུམ་ཚེ་རིང་གིས་བརྩམས་པའི་གླུ་གཞས་གངས་ཅན་པ་ཞེས་པ་ལས་དྲངས།)ཞེས་ཇི་ལྟར་བླངས་བ་བཞིན་རིང་ནས་བསྐལ་བའི་བར་དུ་འཛམ་གླིང་གི་སྣེ་མོ་གསུམ་པ་སའི་གོ་ལའི་སྤྱི་བོ་འདི་ན་གནས་བཅས་ཤིང་འཚོ་བའི་གདོང་དམར་ཅན་གྱི་མི་རིགས་དེ་ནི་གངས་ཅན་པ་རེད།
ཐུགས་བསྐྱེད་གཅིག་གིས་ནམ་ཡང་གཞོམ་པ་མེད་པའི་ལྕགས་ཐག་བསྡམས།
“རིགས་ཀྱི་བུ། གང་གི་ཕྱིར་ཁྱོད་ཀྱིས་ངན་སོང་རྣམས་སུའང་བལྟས། མཐོ་རིས་རྣམས་སུ་འང་བལྟས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་ཡང་བལྟས་ཤིང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བར་བྱ་བ་དང་། ཉོན་མོངས་བར་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྙིང་རྗེའི་སེམས་བསྐྱེད་པས་ན། རིགས་ཀྱི་བུ་དེའི་ཕྱིར་ཁྱོད་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ།”་ཞེས་པའི་ལུང་བསྟན་འདི་གསུང་མཁན་ནི་གཞན་མིན་པར་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཡིན་འདུག དེ་ནས་བཟུང་ཉིད་ཀྱི་སྤྲུལ་བ་དང་ཡང་སྤྲུལ་གྲངས་མེད་པ་ཞིག་གིས་འགྲོ་དྲུག་ཐར་བ་ལ་བཀྲི་བར་མཛད་ཡོད་པ་ནི་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བོ་འཇིག་རྟེན་དབང་ཕྱུག་ནས་རྒྱལ་བོ་དགའ་བ་དཔལ་གྱི་བར་ཁྱོད་ཀྱི་སྤྲུལ་བ་གྲགས་ཆེ་བ་སོ་དྲུག བོད་ཀྱི་ཡུལ་དུ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཁྲི་རལ་བ་ཅན་བར་ཁྱེད་ཀྱི་སྤྲུལ་བའི་རྒྱལ་བོ་བཅུ། འབྲོམ་སྟོན་པ་སོགས་གྲུབ་པ་བརྙེས་པའི་སྤྲུལ་བ་བཅུ་དྲུག གཞན་ཡང་རྒྱལ་སྐུ་ཕྲེང་ན་རིམ་སོགས་བྱོན་ནས་མགོན་མེད་ཀྱི་གདུལ་བྱ་དག་རྗེས་སུ་བཟུང་འདུག་འདི་ལས་རྟོགས་ཐུབ་པར་འདུག
ཀྱེ། གངས་རིའི་མགོན་པོ། དེབ་ཐེར་དུ་བཀོད་པའི་བྱུང་རབས་དག་ལྟར་ན་བསྐལ་བ་དགུ་བརྒྱ་དགུ་བཅུ་རྩ་གཅིག་གི་ཡར་སྔོན་དུ་སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་ཞེས་ཞུ་བ་འཇིག་རྟེན་དུ་བྱོན་པའི་ཚེ་ཁྱེད་ཀྱིས་མེ་ཏོག་ཨུཏྤལ་དང་གསེར་གྱི་དོང་ཙེ་ཕུལ་ནས་ངེད་ཅག་གངས་ཅན་པའི་གཙོས་འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་དུ་ཐོག་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། ཁྱེད་ཀྱིས་”གང་གི་ཚེ་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་དག་སྡུག་བསྔལ་གྱིས་གནས་པར་གྱུར་བ་རྣམས་དང་། འཇིགས་པས་སྐྲག་པ་རྣམས་དང་། ཆོས་ཀྱི་མུ་གེའི་མུན་པར་ཞུགས་པ་རྣམས་དང་། ཞུམ་པ་རྣམས་དང་། ཞན་པ་རྣམས་དང་། སྐྱོབ་པ་མ་མཆིས་པ་རྣམས་དང་། སྐྱབས་མ་མཆིས་པ་རྣམས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱིས་བདག་རྗེས་སུ་དྲན་པར་འགྱུར་ཞིང་མིང་ནས་ཀྱང་བརྗོད་པར་གྱུར་ཅིག བདག་གིས་ཀྱང་ལྷའི་རྣ་བར་ཐོས་ཤིང་། ལྷའི་མིག་གིས་མཐོང་བར་གྱུར་ཅིག”ཅེས་ཇི་ལྟར་ཐུགས་བསྐྱེད་ཅིང་སྨོན་ལམ་མཛད་བདག་ཅག་གངས་ཅན་དག་གིས་གསལ་པོར་ངེས་ཡོད།
འདིར་ངེད་ཅག་ངོ་མཚར་བར་གྱུར་བ་ནི་ཁྱེད་ཀྱིས་མུ་མཐུད་དེ་”་་་སེམས་ཅན་དེ་དག་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བ་མ་བགྱིས་པར་བདག་བླ་ན་མེད་པ་ཡང་དག་པར་རྗོགས་པའི་བྱང་ཐུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག”་ཅེས་གསུང་བ་འདི་འོ་། ངེད་ཅག་ངོ་མཚར་དགོས་པའི་རྒྱུ་མཚན་ནི་སྔར་སངས་རྒྱས་རིན་ཆེན་སྙིང་པོས་ཁྱེད་ཀྱི་ཡབ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་མཆོག་འབྱུང་འགྱུར་སངས་རྒྱས་ཚེ་དཔག་མེད་དུ་སྐུར་བཞེངས་ནས་བསྐལ་བ་དཔག་ཏུ་མེད་པར་གྱུར་ནས་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར་བར་ལུང་བསྟན་པས་མིན་ལ། དེ་དུས་ཁྱེད་རྒྱལ་པོ་རྩིབས་ཀྱི་མི་ཁྱུད་ཁོང་གི་རྒྱས་སྲས་ཀྱི་ཐུ་བོ་མིག་མི་ཟུམ་ཞུ་བ་དེ་ཡིན་པ་དེ་བས་ཀྱང་མིན།
ངེད་ཅག་མཚར་དགོས་པའི་གནས་ནི་སྤྱིར་ན་སྐལ་བཟང་སངས་རྒྱས་སྟོང་ཕྲག་བྱོན་པར་གྲགས་ཀྱང་དེ་ཐམས་ཅད་ཀྱིས་བདག་གང་མགྱོགས་མགྱོགས་མངོན་པར་རྫོགས་པར་འཚང་བརྒྱ་བར་གྱུར་ཅིག་ཅེས་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་ཡོད་པ་ལས་ཁྱེད་ཀྱིས་བཞིན་སེམས་ཅན་རྣམས་འཚང་མ་རྒྱ་བའི་བར་དུ་བདག་ཉིད་འཚང་མི་རྒྱ་བའི་སྨོན་ལམ་བཏབ་ཚུལ་ནི་ཅང་གོ་མ་མྱོང་བ་དེ་ཡིན། འདིས་ནི་ཁྱེད་ཀྱི་ཐུགས་རྒྱུད་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་དེ་གཞན་དང་མི་འདྲ་ལ་ཀུན་དང་མི་མཚུངས་བའི་ཁྱད་དུ་འཕགས་པ་ཞིག་ཡིན་པར་རྟོགས་མི་ཐུབ་བམ། འདིས་ནི་ཁྱེད་ཀྱི་བླ་ན་མེད་པའི་སྙིང་སྟོབས་དེ་མཚོན་མི་ཐུབ་བམ། འདིས་ནི་ཁྱེད་ཀྱི་གོང་ན་མེད་པའི་བྱམས་བརྩེ་དེ་ལྷ་ནེ་ལྷང་ངེར་མངོན་མི་འདུག་གམ།
མདོར་ན་འཕགས་མཆོག་སྤྱན་རས་གཟིགས་ནི་ཉེ་བའི་སྲས་བརྒྱད་ཀྱི་ནང་ཚན་དུ་རྒྱལ་བ་རྣམས་ཀྱི་བརྩེ་བ་ཐམས་ཅད་གཅིག་ཏུ་སྤུངས་པའི་བདག་ཉིད་གང་ཟག་གི་རྣམ་པར་བཞེངས་པ་ཡིན་པར་གྲགས་ན་ཡང་། ཁོང་གི་དབུ་ཐོག་ན་གཞན་ལ་མེད་པའི་ཆོ་ལོ་ཞིག་ཡོད་དེ། གངས་རིའི་མགོན་པོ། ཞེས་མཐའ་ཀླས་པའི་སངས་རྒྱས་དང་བྱང་སེམས་ཀྱི་ཚོགས་ཀུན་ན་ལྷ་ནེ་ལྷང་ངེར་གྲགས་ཡོད། དེ་དག་ནི་ལྷ་སྒྲུང་ཞིག་དང་རྟོག་སྣང་ཞིག་ཏུ་གཟིགས་སྲིད་ན་ཡང་ཁོང་གི་སྤྲུལ་བར་གྲགས་པའི་སྐྱེ་བོ་ནི་ལ་ཐོད་ཅན་གྱི་རྒྱལ་བློན་དང་། ཆོས་གོས་ཅན་གྱི་བླ་གྲ། རལ་བ་ཅན་གྱི་སྔགས་པ། མཐའ་ན་རྫི་བོ་སོགས་མདོར་ན་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱིས་ངེད་གངས་ཅན་པ་རྣམས་ལ་ཐུགས་བརྩེ་བ་དང་། ཕྱག་སོར་མོས་ཇི་ལྟར་བསྐྱངས་བ་ཡོད་པ་ནི་བོད་གངས་ཅན་གྱི་ལོ་རྒྱུས་ཀྱི་བདེན་གྲུབ་རང་དུ་འཁུམས། དེས་ན་གངས་རིའི་མགོན་པོ་དང་གངས་པ་གཉིས་ཀྱི་བར་ལ་ལྷ་དང་མིས་ལག་རྩལ་གྱིས་མ་བསྐྲུན་ཞིང་ནམ་ནམ་ཞར་ཞར་ཡང་གཞོམ་གཞིག་བྲལ་བའི་འཆང་ཐག་སྲ་མོ་ཞིག་ཡོད་པ་ནི་འོག་གི་གནད་དོན་འདིས་རྟོགས་ནུས་པ་ཞིག་ཏུ་གྱུར་ཡོད།
སྤྲུལ་བའི་ཕྲེང་བ་རིམ་པ་གངས་རིའི་ཡུལ་གྱི་མགོན་དུ་ཕེབས་པ།
སྔོན་སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ། བྱང་སེམས་སྒྲིབ་རྣམ་སེལ་ལ་“དུས་གསུམ་རྒྱལ་བའི་གདུལ་བྱར་མ་གྱུར་པ་འདྲེ་སྲིན་གདུག་པ་ཅན་དུ་མས་གང་བའི་བོད་ཁ་བ་ཅན་གྱི་རྒྱལ་ཁམས་དེར་། མ་འོངས་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ། མགོན་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁོ་ན་ཡིན”་ཞེས་ལུང་བསྟན་པ་བཞིན། འཕགས་པ་སྤྱན་རས་གཟིགས་ཀྱིས་སྔོན་སངས་རྒྱས་དུ་མའི་སྤྱན་སྔར་འདུལ་བར་དཀའ་བའི་ཁ་བ་ཅན་གྱི་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱིས་སྨིན་གྲོལ་དུ་འགོད་པའི་སྨོན་ལམ་བཏབ་པའི་མཐུ་ལས་ངེད་གངས་ཅན་པ་རྣམས་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱར་གྱུར་སོང་།
དེའི་ཕྱིར་འཕགས་པ་ལོ་ཀེ་ཤྭ་ར་ཁྱེད་ཐོག་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་ད་ལྟ་མིའི་ཤ་ཚུགས་རློན་པར་བྱོན་པ་འདིའི་བར་དུ་སྐྱེས་རབས་ཀྱི་ཕྲེང་བ་ཇི་ཙམ་གངས་རིའི་ལྗོངས་འདིར་ཞབས་ཀྱིས་བཅག་ཚུལ་བགྲང་གིས་ག་ལ་ལང་མོད། རང་སེམས་དག་པ་ལྷོད་དུ་འབབ་ཕྱིར་ཚིག་ཚོགས་ལ་མ་འཛེམ་པར་དུས་ཚོད་ལ་འཚམས་པའི་མིང་འདྲེན་ཙམ་མི་བགྱི་བར་རང་སེམས་རྒོད་པོ་འདི་རྣལ་དུ་ག་ལ་འབབ། དེས་ན་གང་ཉིད་ཀྱི་སྐྱེས་རབས་གསལ་བའི་དེབ་ཐེར་ཁག་ཏུ་བོད་རྗེ་ཆོས་རྒྱལ་གྲགས་ཆེ་བ་བཅུ་དང་། པཎ་གྲུབ་གྲགས་ཆེ་བ་བཅོ་ལྔ་བྱོན་པ་དག་གི་མཚན་འདི་ལྟར་གསལ་ཡོད་དེཿ ༡། གཉའ་ཁྲི་བཙན་པོ། ༢། ཨི་ཤོ་ལེགས། ༣། ལྡེ་འཕྲུལ་ནམ་གཞུང་བཙན། ༤། ལྡེ་རྒྱལ་པོ། ༥། ཁྲི་སྒྲ་དཔུང་བཙན། ༦། ལྷ་ཐོ་ཐོ་རི་གཉན་བཙན། ༧། སྲོང་བཙན་སྒམ་པོ། ༨། འདུས་སྲུང་མང་པོ་རྗེ། ༩། ཁྲི་སྲོང་ལྡེའུ་བཙན། ༡༠། ཁྲི་རལ་པ་ཅན་བཅས་གསེར་གྱི་ཅོ་པན་དབུ་ལ་མནབས་ཤིང་ཆབ་སྲིད་ཀྱི་འཁོར་ལོ་སྟོབས་ཀྱིས་སྒྱུར་བའི་རྒྱལ་པོར་སྤྲུལ་བ་བཅུ།
དེ་ནས་པཎ་གྲུབ་བཅོ་ལྔ་ནིཿ ༡། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ༢། ཉང་ཉི་མ་འོད་ཟེར། ༣། གསུང་གི་སྤྲུལ་བ་གུ་རུ་ཆོས་དབང་། ༤། ཐུགས་ཀྱི་སྤྲུལ་བ་པད་མ་དབང་རྒྱལ། ༥། ཡོན་ཏན་གྱི་སྤྲུལ་བ་ཆོས་རྒྱལ་དབང་པོའི་སྡེ། ༦། འཕྲིན་ལས་ཀྱི་སྤྲུལ་བ་འཕགས་ཆེན་བློ་གྲོས། ༧། བལ་ཡུལ་པཎཊིཏ་པདྨ་ར་ཛ། ༨། ཁ་ཆེ་དགོན་པ་པ། ༩། ས་ཆེན་ཀུན་དགའ་སྙིང་པོ། ༡༠། ཞང་རིན་པོ་ཆེ་གཡུ་བྲག ༡༡། གཡམ་བཟང་པ། ༡༢། སུམ་སྟོན་ཡེ་ཤེས་གཟུངས། ༡༣། ལྟ་རྗེ་དགེ་བ་འབུམ། ༡༤། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་དཔལ་བཟང་། ༡༥། བླ་མ་རིན་ཆེན་མཁྱེན་རབ་ཆོས་རྗེ་བཅས་སོགས་གྲུབ་པའི་རིགས་འཛིན་གྱི་གོ་འཕང་མངོན་དུ་བྱས་པའི་ས་ཐོབ་ཀྱི་སེམས་པ་ཡོངས་སུ་གྲགས་པ་བཅོ་ལྔ། དེར་མ་ཟད་རྗེ་དགེ་འདུན་གྲུབ་བཟུང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་བར་སྐུ་ཕྲེང་རིམ་པ་བཅུ་བཞི་བཅས་ནི་རག་ཟིན་ཙམ་གྲངས་འདྲེན་བྱས་པའོ་།
དེ་དག་ནི་མཚན་གྱིས་ཐོགས་ཤིང་ངེད་ཅག་གི་དྲན་པའི་རས་གཞིའི་ངོས་སུ་གསལ་ཐུབ་པའི་ཁྱེད་ཀྱི་རྣམ་པར་སྤྲུལ་བ་ཁག་གི་མཚན་སྨྲོས་པ་ཙམ་ལས། ཡོངས་སུ་ནི་བརྗོད་ཀྱིས་ག་ལ་ལང་སྟེ། དེ་ཡང་དམ་ཆོས་པདྨ་དཀར་པོའི་ལེའུ་གཉིས་པར་ཇི་སྐད་དུ་“སེམས་ཅན་ཁག་གཅིག་ལ་ནི་བྱང་སེམས་ཀྱིས་ཆོས་སྟོན་ཏོ། ཁ་ཅིག་ལ་ཉན་ཐོས་ཀྱི་གཟུགས་ཀྱིས། ཁ་ཅིག་ལ་ཚངས་པའི་གཟུགས་ཀྱིས། ཁ་ཅིག་ལ་བརྒྱ་བྱིན་གྱི་གཟུགས་ཀྱིས། ཁ་ཅིག་ལ་དྲི་ཟའི་གཟུགས་ཀྱིས། ཁ་ཅིག་ལ་གནོད་སྦྱིན་གཟུགས་ཀྱིས། ཁ་ཅིག་ལ་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་སྟོན་ཏོ། འཁོར་ལོ་བསྒྱུར་བའི་རྒྱལ་བོས་འདུལ་བའི་སེམས་ཅན་རྣམས་ལ་འཁོར་ལོ་སྒྱུར་བའི་རྒྱལ་བོའི་གཟུགས་ཀྱིས་ཆོས་སྟོན་ཏོ།”་ཞེས་ཇི་ལྟར་གསུང་པ་བཞིན་ཁྱེད་ཀྱིས་གང་ལ་གང་འདུལ་གྱིས་སེམས་ཅན་སྤྱི་དང་ལྷག་པར་དུ་ངེད་གངས་ཅན་པའི་དོན་མཛད་ཡོད་པ་སུས་མི་ཤེས།
གཞན་ཡང་བ་རི་བརྒྱ་རྩ་ནས་བཤད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་འགྱུར་མི་འདྲ་བ་དགུ སྒྲུབ་ཐབས་རྒྱ་མཚོ་ནས་བཤད་པ་ཉི་ཤུ རིན་འབྱུང་བརྒྱ་རྩ་ནས་བཤད་པ་བཅུ་དྲུག སྣར་ཐང་བརྒྱ་རྩ་ནས་བཤད་པ་བཞི་བཅས་ལྔ་བཅུ་ཙམ་ཡོད་པ་དེ་དག་ཐམས་ཅད་གངས་རིའི་མགོན་པོ་ཁྱེད་ཀྱིས་མཛད་པ་དང་། གངས་ཅན་པ་ངེད་ཅག་གི་ཆེད་དུ་མཛད་པ་ཤ་སྟག་ཏུ་མཁུམས། འདི་དག་རེ་རེ་བཞིན་གྱི་མཛད་པ་དང་རྣམ་ཐར་ཞིབ་ཕྲར་འགོད་པ་སྐབས་ཀྱི་དུས་ལ་ཡོངས་སུ་བབས་ཡོད་ན་ཡང་སྦྱིན་པའི་བདག་པོའི་ཆ་རྐྱེན་བཙན་པོས་མི་འདོད་ཐོག་བབས་བྱས་ཡོད་སྟབས་རེ་ཞིག་ འཕེན་བསམ་རུང་མདའ་རྩེ་ཤུབས་ལ་ཐོགས། འཐེན་བསམ་རུང་གཞུ་རྒྱུན་སྣུམ་ལ་སྐུས། ཟེར་བ་བཞིན་འགྱུར་།
དབང་ཁ་རྗེ་དར་སྐབས་ཁྱེད་ཀྱིས་བསྐྱངས།
བོད་རྗེ་ཆོས་རྒྱལ་གྲགས་ཆེ་བ་བཅུ་ཡིས་ནི་རྒྱལ་བོའི་ལུགས་ཀྱི་རྣམ་ཐར་བསྐྱངས་ནས་གངས་ཅན་པ་རྣམས་རྗེས་སུ་བཟུང་བའི་མཛད་པ་ཡིན། འཛམ་གླིང་མཐོ་སྒང་གི་ཡང་ཐོག་འདིར་གདོང་དམར་བོད་པ་ཚང་ནི་སྐབས་རེ་དབང་ཐང་གི་རྩེ་མོར་སོན་མྱོང་། དེ་དུས་འཛམ་གླིང་སུམ་གཉིས་ས་ལ་དབང་བའི་སྐུ་རྒྱལ་བཙན་པོའི་རྒྱལ་ཁབ་ཏུ་གྲགས། དེ་དུས་ཁོང་གིས་རྒྱལ་བློན་ན་རིམ་གྱི་གཟུགས་སུ་ཕེབས་ནས་སྲིད་པའི་རྩེ་མོ་འདི་ན་བོད་གདོང་དམར་བཙན་པོའི་རྒྱལ་ཁབ་ཅེས་ཕྱོགས་ཀྱི་མུ་ལ་འགྲན་པའི་གྲགས་པ་ཐོབ།
ལྷ་སྲས་ཐོ་ཐོ་རི་གཉན་བཙན་ཞེས་གྲགས་ཏེ། སངས་རྒྱས་ཀྱི་བསྟན་པ་གངས་རིའི་སྤོ་འདིར་དར་བའི་མཚན་མ་ཐོག་མར་བྱུང་སྐབས་ཁྱེད་ཀྱིས་དགུང་ལོ་༡༢༠་བར་དུ་བཞུགས་ནས་བོད་ཀྱི་ཡུལ་འདི་བསྐྱངས།
ཆོས་རྒྱལ་སྲོང་བཙན་སྒམ་པོ་རུ་འབོད་དེ། ཡུལ་ཡར་ལུས་ནས་རྒྱལ་ས་སྐྱིད་གཤོངས་སུ་སྤོས་ནས་ཐོག་མར་དབྱངས་གསལ་སོ་བཞི་གསར་གཏོད་ཀྱིས་རིག་གནས་ཀྱི་སྒྲོན་མེ་འོད་ཀྱིས་སྤར་ཞིང་། གྲུ་འཛིན་གཉིས་པའི་གཞལ་མེད་ཁང་སྲིད་ན་གྲགས་པ་འདི་བཞེངས། མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཏེ་བོད་བཙན་པོའི་རྒྱལ་ཁབ་ཕྱོགས་མཐའ་རུ་བསྐྱེད།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞེས་གྲགས་ཏེ། འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་མཛད་ནས་གདོང་དམར་བོད་ཀྱི་སྤོབས་པ་དགོང་དུ་བཏེགས་ཤིང་། ད་ལྟའི་སྐབས་ཀྱི་བོད་ཧྲིལ་བོ་གཅིག་ཏུ་འབྲེལ་བའི་ཆིག་སྒྲིལ་ཚོར་སྣང་གི་འཆིང་ཐག་འདིའི་ས་བོན་སྟོབས་ཀྱིས་བཏབ། གཏན་གྱི་བདེ་བའི་འབྱུང་གནས་ཀྱི་གཞི་མ་ཤུགས་ཀྱིས་འཛུགས་ཆེད་དུ་བོད་ཀྱི་ཆེས་ཐོག་མའི་དགོན་པ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་། བོད་ཀྱི་ཆེས་ཐོག་མའི་དགེ་འདུན་གྱི་སྡེ་བཙུག
མངའ་བདག་རལ་བ་ཅན་ཞེས་འབོད་དེ། ལོ་ཙ་བ་ཀ་ཅོག་ཞང་གསུམ་སོགས་ཀྱིས་དབུས་པས་བོད་ཀྱི་རིག་པ་ཅན་དག་ལ་བོད་ཀྱི་སྐད་ལ་གསར་བཅད་མཛད་དུ་བཅུག་སོགས་ཆོས་དང་རིག་གནས་ཀྱི་འཕེལ་རྒྱས་དེ་སྔར་ལས་རྒྱ་ཆེ་བར་སྤེལ་ཞིང་། ཚེ་གང་བོར་གཤིབ་དགོས་པའི་ཁྱིམ་མཚེས་དང་ཞི་བདེ་ཡི་འབྲེལ་ལམ་ཐོག་མར་བཞག་ནས་དབོན་ཞང་འགྱུར་མེད་ཀྱི་རྡོ་རིང་ཆེན་མོ་དག་སྲིད་ཀྱི་བར་དུ་གནས་པར་བཞེངས།
ལས་རླུང་རྟ་རྒུད་དུས་ཀྱང་ཁྱེད་ཀྱིས་བསྐྱངས།
རྟག་བརྟན་འགྱུར་མེད་ཀྱི་དམ་བཅའ་།
པཎ་གྲུབ་གྲགས་ཆེ་བ་བཅོ་ལྔ་དང་རྒྱལ་བ་སྐུ་ཕྲེང་བཞི་བའི་བར་གྱིས་ནི་དམ་པའི་ལྷ་ཆོས་ཁོ་ནས་རྣམ་ཐར་གྱིས་ངེད་གངས་ཅན་པ་རྣམས་རྗེས་སུ་བཟུང་བར་མཛད་པ་རེད། དེ་དུས་བོད་ཡུལ་འདི་ན་ནང་འཁྲུག་གི་ཡོ་ལང་དར་ནས་བློན་པོས་རྒྱལ་པོ་ལ་མདའ་ཐོད་སྤྲད་ནས་བཀྲོངས། བོད་ཀྱི་ཡུལ་འདི་མགོན་མེད་ཐང་སྟོང་དུ་བྱེའུ་ཚང་བཏོར་བ་བཞིན་སིལ་བུར་གྱུར་། འོན་ཀྱང་ཁྱེད་ཀྱི་གྲངས་མེད་པའི་སྔ་རོལ་ནས་བསྐྱེད་པའི་ཐུགས་དམ་ཟབ་མོས་སྣང་ཚུལ་འདི་ཡལ་བར་དོར་ག་ལ་ཕོད་དེ། ཇོ་བོ་འབྲོམ་སྟོན་པ་སོགས་ཀྱི་རྣམ་པར་བྱོན་ནས་བོད་ཀྱི་ཡུལ་འདིར་ཁྱབ་པའི་མུན་པའི་རྨག་ཁེབས་མཐུག་པོ་དེ་ཧྲལ་གྱིས་རལ་ནས་སྐྱེ་དགུ་བདེ་བའི་རྒྱལ་བསྟན་གྱི་ཉིན་བྱེད་སླར་ཡང་སྤྱན་དྲངས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ཉང་ཉི་མ་འོད་ཟེར་། ས་ཆེན་ཀུན་དགའ་སྙིང་པོ། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ། སོགས་་་
༧གོང་ས་ལྔ་བ་ཆེན་པོ་ནས་བཅུ་བཞི་པ་ཆེན་པོའི་བར་གྱིས་ནི་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་ཐར་བསྐྱངས་ནས་ངེད་གངས་ཅན་པ་རྣམས་རྗེས་སུ་བཟུང་བར་མཛད་པ་རེད། དེ་དུས་སླར་ཡང་ས་ལའི་སྨན་ལྗོངས་འདི་ན་ཆོས་ལུགས་དང་གྲུབ་མཐའི་སྡེ་གཟར་གྱི་མཐོ་རླབས་མཁའ་ལ་འཕྱུར་། ཕྱི་ནང་གསང་གསུམ་ལ་བདེ་བའི་གོ་སྐབས་དབེན། ཕྱི་སྒྲ་ནང་དུ་དྲངས། ཆུ་སྣ་མགོ་ཐོག་ལ་ཁྲིད་ནས་བོད་ཡུལ་འདི་བདུད་རྩེད་རྭ་ལྟ་བར་གྱུར་། འོན་ཀྱང་ཁྱེད་༧གོང་ས་ལྔ་བ་ཆེན་པོའི་མཆོག་གི་གཟུགས་སུ་ཕེབས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་སྤྲིན་པ་གངས་རིའི་ལྗོངས་འདིར་ཕུབས་ནས་ཞི་བསིལ་གྱི་སིམ་པ་སླར་ཡང་སྤེལ། དུས་དེ་བཟུང་ཁྱེད་ཀྱིས་སྐུ་ཡི་སྐྱེ་ཕྲེང་ནར་མར་ཕེབས་ནས་ང་ཚོ་བསྐྱངས་ནས་ད་ལྟར་སྐུ་ཡི་ཕྲེང་བ་བཅུ་བཞི་བ་བར་དུ་བྱོན་པ་མ་ཡིན་ནམ། རྒྱལ་མཆོག་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། ནོ་བེལ་ཞི་བདེའི་བདག་ཉིད་བསྟན་འཛིན་རྒྱ་མཚོ། སོགས་་་
ཁྱེད་མེད་དུས་ཀྱང་ཁྱེད་ཀྱིས་བསྐྱངས།
དོན་དམ་གྱི་དབུ་ཁྲིད་སྲིད་ན་མེད་པ།
ངེད་ཅག་གངས་ཅན་པ་རྣམས་ཁྱེད་ཀྱི་ཐུགས་རྗེ་ལྕགས་དཀྱུས་དུས་དང་རྣམ་པ་ཀུན་ཏུ་མི་འདོར་བའི་དམ་བཅའ་རྡོ་རྗེའི་ཕ་ལམ་དེ་ཇི་འདྲའི་བརྟན་ཅིང་། ཇི་འདྲའི་མཁྲེགས་པ་ལ་ཨང་། སྲིད་པ་ཧྲིལ་བོ་འདི་ན་དབུ་ཁྲིད་དུ་གྲགས་པ་དང་། བླ་ན་མེད་པའི་དབུ་ཁྲིད་དུ་གྲགས་པ། རླབས་ཆེན་གྱི་དབུ་ཁྲིད་མཚུངས་ཟླ་མ་མཆིས་པར་གྲགས་པ་བགྲང་དཀའ་བ་རེ་ཡོད་འདུག་ཀྱང་། དེ་དག་ཐམས་ཅད་ཀྱང་ཁྱེད་ཀྱི་ཆ་དང་མཚུངས་བའི་སྐབས་མི་འདུག རྒྱུ་མཚན་ནི་ཁྱེད་ཀྱིས་ཁྱེད་མེད་དུས་སུ་ཡང་ངེད་ཅག་བསྐྱངས་ནས་ཡོད་པས་སོ།
དེ་ཡང་འཇིག་རྟེན་འདི་ན་ད་བར་དུ་དབུ་ཁྲིད་དང་། མགོན་སྐྱབས་སུ་གྲགས་པ་དག་གིས་རང་རང་གི་གདུལ་བྱ་སྐྱོང་ཚུལ་ནི་ནམ་ཡང་རང་ཉིད་སྔོན་དུ་བུད་ནས་མི་ལེགས་པ་དང་མི་འགྲིག་པའི་ལམ་ལ་འཇུག་ཏུ་མ་བཅུག་པར་ལག་མགོ་ནས་བཟུང་སྟེ་ལེགས་པའི་ལམ་དུ་འཐེན་པར་བྱེད་པ་འམ་། ཡང་ན་རང་ཉིད་གོང་དུ་བུད་ནས་དུས་ནས་དུས་སུ་བླང་བྱ་འདི་དང་དོར་བྱ་འདི་ཡིན་པའི་མཛུབ་མོས་རི་སྟོན་བྱེད་པ་འམ། ཡང་ན་རང་ཉིད་དཀྱིལ་དུ་བསྡད་ནས་སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་ཁུར་གྱི་ངང་ཚུལ་བསྐྱངས་ནས་རང་དང་གདུལ་བྱ་ལྷན་གཅིག་ཏུ་བྱ་ཁྱུ་འུར་གྱིས་ཁྱོགས་པ་བཞིན་ལེགས་པའི་ལམ་དུ་འཁྲིད་བའི་འབད་བརྩོན་བྱེད།
འོན་ཀྱང་ཁྱེད་ཀྱིས་་་ ཁྱེད་ཀྱིས་གདུལ་བྱ་སྐྱོང་ཚུལ་ནི་དེ་དག་ལས་ཡོངས་སུ་འགོངས་བའི་བསམ་ཡུལ་ན་མེད་པའི་སྐྱོང་ཚུལ་ཞིག་རེད། རང་ཉིད་སྔོན་དུ་སོང་ནས་ལམ་སྟོན་མི་བྱེད་དེ། དེ་ལྟར་བྱེད་ན་ནམ་ཞིག་ལག་སྣེ་ན་འཐེན་མཁན་དེ་མི་བཞུགས་པའི་སྐབས་སུ་ངེད་ཚོས་ལམ་ངོས་མི་ཆོད་པར་ལེགས་ལམ་ལས་གོལ་འགྲོ་བ་ཁྱེད་ཀྱིས་མཁྱེན་པས་སོ།
ཁྱེད་ཀྱིས་གདུལ་བྱ་སྐྱོང་ཚུལ་ནི་དེ་དག་ལས་ཡོངས་སུ་འགོངས་བའི་བསམ་ཡུལ་ན་མེད་པའི་སྐྱོང་ཚུལ་ཞིག་རེད། རང་ཉིད་གོང་དུ་བཞུགས་ནས་ལམ་སྟོན་མི་མཛད་དེ། དེ་ལྟར་བྱེད་ན་ནམ་ཞིག་ལམ་སྟོན་གྱི་སྒྲོན་མེ་དེ་མི་བཞུགས་པའི་སྐབས་སུ་ངེད་ཅག་གིས་མདུན་གྱི་འགྲོ་ལམ་མི་མཐོང་བར་ལེགས་ལམ་ལས་གོལ་འགྲོ་བ་ཁྱེད་ཀྱིས་མཁྱེན་པས་སོ།
ཁྱེད་ཀྱིས་གདུལ་བྱ་སྐྱོང་ཚུལ་ནི་དེ་དག་ལས་ཡོངས་སུ་འགོངས་བའི་བསམ་ཡུལ་ན་མེད་པའི་སྐྱོང་ཚུལ་ཞིག་རེད། ཁྱེད་ཀྱིས་རང་ཉིད་ང་ཚོའི་དཀྱིལ་དུ་བཞུགས་ནས་དབུ་ཁྲིད་ཀྱང་མི་མཛད་དེ། དེ་ལྟར་བྱེད་ན་གདུལ་བྱ་རྣམས་ཀྱིས་ནམ་ཡང་གཞན་ཞིག་ལ་བརྟེན་ནས་འགྲོ་བ་ལས་རང་ཉིད་ཀྱི་འགྲོ་ལམ་རང་ཉིད་ཀྱིས་གསོར་དགོས་པར་ནམ་ཡང་མི་རྟོགས་པ་ཁྱེད་ཀྱིས་མཁྱེན་པས་སོ།
མགོན་པོ་ཡ་མགོན་པོ་ལགས། ཁྱེད་ཀྱིས་གདུལ་བྱ་སྐྱོང་ཚུལ་དེ་ནི་ཁྱེད་མེད་པའི་སྐྱོང་ཚུལ་དེ་ཡིན། ཁྱེད་ཀྱིས་གདུལ་བྱ་སྐྱོང་ཚུལ་ནི་བདག་ཉིད་བདག་གི་མགོན་ཡིན་པ་ངོས་སྤྲོད་པའི་སྐྱོང་ཚུལ་བླ་ན་མེད་པ་ཞིག་རེད། དེ་ཡང་ཇི་སྐད་དུ་རྗེ་རྒྱལ་བ་བློ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་སྟོད་པ་ལས། “འདི་ལས་ངོ་མཚར་གྱུར་བ་དང་། ། འདི་ལས་རྨད་དུ་བྱུང་བ་གང་། ། ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། ། བསྟོད་པར་འགྱུར་གྱི་གཞན་དུ་མིན། །” ཞེས་ཇི་ལྟར་གསུང་བ་བཞིན་སྲིད་ན་མེད་པའི་སྐྱོང་ཚུལ་འདིས་སྒོ་ནས་ངེད་ཅག་གིས་ཁྱེད་ལ་བསྟོད་འདོད་ཀྱི་དྲག་ཏུ་གཡོ་བཞིན་པའི་སེམས་ཁ་དེ་ཅུང་དལ་དུ་འཇག་མ་ཐུབ་ན་གཞན་ཁྱེད་ལ་བསྟོད་པའི་འདུན་པ་ཇི་ལྟར་ཁེངས་ཐུབ་བམ། བརྗོད་འདོད་ཀྱང་ཚིག་གིས་དབེན། ཚིག་ཡོད་ཀྱང་སྡེབ་ལ་མི་འབྱོར།
སྐྱོང་ཚུལ་འདི་ནི་སྐྱོང་བ་པོ་མེད་པའི་སྐྱོང་ཚུལ་དེ་རེད། ཁྱེད་ཀྱིས་སྐྱོང་ཚུལ་དེ་ནི་བྱ་ཐང་དཀར་རྒོད་པོས་རང་གི་ཕྲུ་གུ་ལ་འཕུར་སློབ་པའི་ཚུལ་བཞིན་རེད་འདུག་སྟེ། གཤམ་དུ་གཏམ་རྒྱུད་ཐུང་ངུ་འདི་ལ་གཅིག་གཟིགས་དང་། དེ་ཡང་བྱ་རྒོད་ཀྱིས་རང་གི་ཕྲུ་གུ་དེ་འཕུར་བའི་དུས་ལ་སྨིན་པར་མཐོང་བ་དང་། ཚང་ནང་ནས་མཆུ་ཐོས་བརྒྱབས་གཡང་དུ་སྐྱུར་བར་བྱེད། ཕྲུ་གུས་དངངས་སྐྲག་དང་ལྷན་དུ་རང་ནུས་གང་ཡོད་ཀྱིས་གཤོག་ཟུང་རྡེབ་རྡེབ་ཇི་ཐུབ་བྱས་པ་ན་གཤམ་དེ་རུ་ཡོད་པའི་སྟེམ་ཐོག་ཅིག་ཏུ་འབབ་ཐུབ་ཙམ་འབྱུང་། ཅི་སྟེ་མ་ཐུབ་པར་གཡང་དུ་ལྷུང་ནས་འཆི་ཉེན་ཡོད་ན་ཕ་མ་འོང་ནས་བར་སྣང་ནས་སྐྱོབ་རོགས་བྱེད། ཕྲུ་གུ་དེས་འཇིགས་པ་དང་ནུས་པ་ཟུང་འབྲེལ་གྱི་སྒོ་ནས་འཚབ་འཚུབ་ཀྱིས་གཤོག་རྡེབ་འགའ་བྱས་པ་ལས་གཤམ་གྱི་བྲག་སྟེམ་དེར་བབ་ནས་ཅུང་ཞིག་བསྡད་པ་ན་རང་གི་ལུས་པོའི་ནང་དུ་སྔར་མེད་པའི་གདེངས་སྤོབས་ཤིག་དང་། སྔར་མེད་པའི་གཤོག་རྩལ་ཞིག་འཛུལ་ཚར་ཡོད། ད་ནི་ཕ་མས་མཆུ་ཐོས་རྒྱག་མི་དགོས་པར་རང་ངོས་ནས་ལམ་ཐག་ཐུང་ངུ་རེ་ལ་འཕུར་ཚོད་བྱེད་པར་འདོད། དེ་ལྟར་ཚོད་ལྟ་དང་སྦྱོང་བསྡར་ལན་མང་བྱས་པས་ནམ་ཞིག་མཐོན་པོ་དབྱིངས་སུ་གནམ་འཕང་གཅོད་པའི་ཐང་དཀར་རྒོད་པོ་ཞིག་ཏུ་འགྱུར་བ་རེད།
གནམ་འཕང་གཅོད་པའི་འཕུར་རྩལ་དགོས་ན་འཕུར་བ་པོ་རང་ཉིད་ཀྱི་གཤོག་རྩལ་རྒྱས་དགོས་པ་ལས་འཕུར་ལུགས་འཕུར་སྟངས་ཀྱི་རིག་པའི་གཞུང་ལུགས་ཤིག་བསླབས་པས་ཅི་ཡང་མི་ཕན། ཁྱོད་ཀྱི་གཤོག་རྩལ་ནི་ཁྱོད་ཉིད་ཀྱི་གཤོག་རྡེབ་བྱས་པ་ལས་རྒྱས་དགོས་པ་ལས་མན་ངག་དང་བྱམས་སེམས་ཀྱིས་ཅི་ཡང་མི་ཕན། གཤོག་རྡེབ་ཀྱི་སྦྱོང་བརྡར་ཚད་ལྡན་ནི་གཡང་ལ་མཆོང་ནས་བྱེད་དགོས་པ་ལས་མལ་ཚང་དྲོན་པོའི་ནང་དུ་ཅི་ལྟར་འོང་།
དེའི་ཕྱིར་སྐྱོང་ཚུལ་འདི་ནི་དོན་དམ་པའི་སྐྱོང་ཚུལ་བླ་ན་མེད་པ་དེ་ཡིན་སྟེ། མདུན་དུ་བུད་ནས་སྣ་ཁྲིད་མི་དགོས་ལ། གོང་དུ་བསྡད་ནས་མཛུབ་ཁྲིད་ཀྱང་མི་དགོས་ལ། དཀྱིལ་དུ་བསྡད་ནས་གྲོས་འདེབས་ཀྱང་མི་དགོས། སྐྱོང་ཚུལ་འདི་ནི་ཁྱེད་མེད་པའི་སྐབས་ཀྱི་སྐྱོང་ཚུལ་ཡིན་ལ། སྐྱོང་ཚུལ་འདི་ནི་ཁྱེད་ཀྱིས་མི་སྐྱོང་བའི་ཚུལ་གྱིས་སྐྱོང་ཚུལ་དེ་ཡིན། སྐྱོང་ཚུལ་འདི་ནི་སྐྱོང་བ་པོ་མེད་པའི་སྐྱོང་ཚུལ་དེ་ཡིན་ལ། སྐྱོང་ཚུལ་འདི་ནི་ཁྱེད་ཀྱི་གདུལ་བྱ་སྐྱོང་བའི་སྐྱོང་ཚུལ་ཁོ་ན་ཡིན། འདི་ནི་ཁྱེད་ཉིད་དོན་དམ་གྱི་དབུ་ཁྲིད་སྲིད་ན་མེད་པ་དེ་ཡིན་པའི་རྟགས་མཚན་རེད།
འགན་ཁུར་བོ་སྔར་ལས་ལྕི་ཡང་སེམས་སྣང་བ་སྔར་བཞིན་ཡང་།
ཁྱེད་ཀྱིས་ངེད་གངས་ཅན་པ་རྣམས་མི་སྐྱོང་བའི་དུས་ཤིག་བསྐལ་བའི་བར་དུ་མེད་ཀྱང་། ཁྱེད་ཀྱི་བླ་ན་མེད་པའི་གནང་ཕྱོགས་ཤིག་སྟེ། བོད་མགོ་ནག་སྐྱེ་བོས་བློ་ཡུལ་ལ་མི་ཤོངས་བའི་གསུང་གི་དུམ་བུ་ཞིག་ནི་ཁྱེད་ཀྱིས་”་་་ངས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་འཁུར་གྱི་མིན་་་”་ཞེས་པའི་གསུང་དུམ་བུ་འདི་རེད། གསུང་འདི་གོ་བ་དང་ཁྱེད་ཀྱི་གདུལ་བྱ་རུ་གྱུར་བའི་གངས་ཅན་པ་དག་ནི་”སེམས་བསམ་པ་མ་བདེ་ལོང་པས་རྩམ་སྐྱ་འགམ་པ་འདྲ་འདྲ། ལུས་དོན་སྣོད་མ་བདེ་ནད་པས་ཟས་རྙིང་ཟོས་བ་འདྲ་འདྲ།”་ཞེས་པ་ལྟར་གྱུར་སོང་བས་ངེད་ཅག་རེ་ཞིག་མགོ་མཐོམ་ཞིང་སེམས་འཁྲུག་པར་གྱུར་། ར་རོ་ཞིང་གཉིད་བབ་བར་གྱུར་། ཉིན་དཀར་གྱི་བསམ་བློ་འཁྲུག མཚན་མོའི་རྨི་ལམ་འཁྲུག འོན་ཀྱང་”སེམས་བསམ་པ་རྣལ་དུ་ཕབས། མིག་རབ་རིབ་འབྱིལ་འབྱིལ་བྱས”་ནས་བསམ་བློ་ཞིབ་མོ་ཞིག་གཏོང་སྐབས། ”ཡ་་ ད་ནི་རང་རྐང་རྩེ་མོ་རབ་རབ་ཀྱིས། རང་ལུས་འདོམ་གང་འདེགས་དགོས”པའི་དུས་ལ་བབ་པ་ལས་སྔར་བཞིན་”༧རྒྱལ་བ་རིན་པོ་ཆེ་མཁྱེན།”་ཞེས་ལྷོད་དལ་གྱིས་སྡོད་ཡུལ་མེད་པའི་གོ་རྟོགས་ཟབ་མོ་རྙེད་པར་གྱུར་། དེའི་ཕྱིར་ངེད་ཅག་གི་སེམས་ཀྱི་ཁུར་བོ་དེ་སྔར་བས་ཆེ་བར་གྱུར་ན་ཡང་ཁྱེད་ཀྱིས་”་་་དགོས་དུས་བྱུང་ན་ང་ག་དུས་ཡང་འདིར་ཡོད་ཡོད་པ་རེད།”་ཅེས་པའི་གསུང་གི་དབུགས་དབྱུང་དུམ་བུ་འདི་ཡིད་ལ་འཁོར་ཐེངས་རེར་ངེད་ཅག་གི་སེམས་པ་དེ་ལྷོད་ཤིག་གེར་འགྲོ་ཞིང་། སྣང་བ་དེ་བདེ་འཇགས་སེར་འགྲོ་ལ། རྒྱབ་ཀྱི་ཁུར་བོ་ཡང་ཇེ་ཡང་དུ་འགྲོ།
ཁྱེད་ནི་གདོད་མ་ནས་གངས་ཅན་ལྗོངས་འདི་བདག་གིར་བཞེས་པའི་མགོན་པོ་དང་གངས་ཅན་པ་དག་གི་དབུ་ཁྲིད་ཡིན་པས་ད་བར་དུ་ཁྱེད་ཀྱིས་བསྐྱངས་བ་ངེད་གངས་ཅན་པ་དག་གིས་བཀའ་དྲིན་ཡིད་ཀྱིས་ཚོར་བཞིན་ཡོད་ལ། མ་འོངས་པར་དེ་ལྟར་བསྐྱང་ངེས་ཡིན་པ་ལ་ངེད་ཅག་སོམ་ཉི་ཅི་ཡང་མེད་དོ། ཀྱེ་་ གངས་རིའི་མགོན་པོ་ལགས། ཁྱེད་ནི་དུས་རྟག་ཏུ་ངེད་ཅག་གི་མགོན་པོ་ཡིན། དུས་བསྐལ་བའི་བར་དུ་ཁྱེད་ཀྱི་སྐུ་ཚེ་ཞབས་པད་བརྟན་གྱུར་ཅིག་གུ།། །།
No comments:
Post a Comment