2015/01/29

རྫ་ཆུ་ཁ་བའི་བརྟན་བཞུགས་མཎྜལ་བཤད་པ།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག
བཀྲ་ཤིས་དྲི་བྲལ་ལྷ་དར་དཀར་པོ་ཕྱོགས་མཚམས་ཀུན་ཏུ་མངོན་གཡོ་ཞིང་།།བཀྲ་ཤིས་ཕན་བདེའི་འབྱུང་གནས་དམ་པ་ཕྱོགས་བཅུའི་རྒྱལ་ཀུན་འདུས་པའི་དྲུང་།།བཀྲ་ཤིས་ཚིག་གིས་མངོན་པར་བསྟོད་ཅིང་དྭངས་པའི་ཡིད་ཀྱིས་གསོལ་འདེབས་ན།།བཀྲ་ཤིས་ས་གསུམ་ཀུན་ཏུ་དགེ་བའི་ལེགས་ཚོགས་མ་ལུས་སྩལ་དུ་གསོལ།། ཞེས་དྲང་སྲོང་བདེན་པའི་དབྱངས་ཀྱི་མེ་ཏོག་མན་ད་ར་བ་མངོན་པར་འཐོར་ནས་བཀྲ་ཤིས་པའི་ཚིག་གིས་སྒོ་འཕར་ཡངས་པོར་ཕྱེས་ཏེ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། རང་ཅག་ཁ་བ་རི་བ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག༸གོང་ས༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་སུ་སྨོས་ན༸རྗེ་བཙུན་འཇམ་དཔལ་ངག་དབང༸བློ་བཟང་ཡེ་ཤེས༸བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་པད་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མངོན་པར་མཐོ་བའི་གམ་དུ།
སྒོ་གསུམ་རབ་གུས་མདོ་ཁམས་རྫ་ཆུ་ཁ་བ་གཞིས་བྱེས་གཉིས་ཀྱི་ལྷ་དང་བཅས་པའི་སེར་
སྐྱ་མི་མང་སྤྱི་མགྲིན་ནས་ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་ཅིང་། དད་གསུམ་གཡོ་བ་མེད་པའི་སོར་ཅུའི་འདབ་མ་སྤྱི་བོ་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་བཀོད་དེ་རྩེ་གཅིག་ཏུ་གསོལ་བ་འདེབས་སྙིང་། དེ་ཡང་ཇི་སྐད་དུ། བདེ་གཤེགས་ཀུན་འཕགས་ངོ་བོར་སངས་རྒྱས་ཀྱང་། །ཚེ་འོད་དཔག་མེད་སྲས་ཀྱི་ཐུ་བོའི་ཚུལ། །གངས་ཅན་ལྷ་གཅིག་རྒྱལ་ཀུན་སྙིང་རྗེའི་བདག །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པད་མོ་ཉིད་རིང་མོ་ཞིག་ནས་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང་རྒྱལ་བ་འོད་དཔག་མེད་ཀྱི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའི་ཚུལ་འཆང་སྟེ་སྤྲུལ་པའི་རོལ་གར་དཔག་ཏུ་མེད་པས་མཐའ་ཡས་འགྲོ་བའི་དོན་མཛད་པའི་རྣམ་པར་ཐར་པ་དག་ནི་རྒྱལ་བ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་གྱི། ས་མཐོན་པོར་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ། ཉན་ཐོས། ཚངས་པ། བརྒྱ་བྱིན་སོགས་སུ་ཞིག་གིས་ཅི་ཙམ་བརྟགས་ཀྱང་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་ཏེ། ཇི་སྐད་དུ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། ཞེས་གསུངས་པ་ལྟར། ས་མཐོན་པོར་གནས་པའི་བྱང་སེམས་འཕགས་པ་རྣམས་ཀྱིས་བློའི་ཡུལ་ལས་འདས་པ་ལགས་ན། བདག་ཅག་ཚུལ་རོལ་མཐོང་བའི་སོ་སོ་སྐྱེ་བོ་དག་གིས་བརྗོད་པར་ག་ལ་ནུས། འོན་ཀྱང་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་དམུ་རྒོད་གདུལ་དཀའ་རྣམས་ཀྱི་ཆེད་དུ་རིང་མོ་ཞིག་ནས་ཐུགས་བསྐྱེད་ཀྱི་གོ་ཆ་བླ་ལྷག་ཏུ་བགོས་ཏེ་ཁ་བ་ཅན་པ་མཐའ་དག་དུས་ད་ལྟ་བར་གཞལ་དུ་མེད་པའི་བཀའ་དྲིན་གྱིས་བསྐྱངས་པའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། བདག་ཅག་གི་དད་པའི་གསོས་སུ་སྨིན་ཞིང་། འཇིག་རྟེན་ཡོངས་གྲགས་སུ་གྱུར་པའི་རྣམ་པར་ཐར་པ་ལས་ཆ་ཤ་ཙམ་ཞིག་བརྗོད་ན། དེ་ཡང་མདོ་པདྨ་དཀར་པོ་ལས། མཐའ་འཁོབ་དེ་ཡང་བདག་གི་འདུལ་བའི་ཞིང་དུ་གྱུར་ཅིག འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག ཅེས་དང་། འཇམ་དཔལ་རྩ་པའི་རྒྱུད་ལས། སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བཙུན་རྒྱལ་བོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། ཅེས་གསུངས་པ་ལྟར་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཉིད་ནི། སྔོན་བསྐལ་བ་དཔག་ཏུ་མེད་པའི་དུས་ནས་གངས་ལྗོངས་འདི་གདུལ་བྱར་བཞེས་རྒྱུའི་ཐུགས་བསྐྱེད་དམ་བཅའ་ཟབ་མོ་གཡོ་བ་མེད་པའི་མཐུས། ཁ་བ་ཅན་གྱི་གདུལ་བྱ་མཐའ་དག་ལ་བརྩེ་བ་འབའ་ཞིག་གི་ཐུགས་བསྐྱེད་ཀྱི་གོ་ཆ་བརྟན་པོ་བགོ་བར་མཛད་དེ། ཐོག་མར་ཁ་བ་ཅན་གྱི་མིའི་འགྲོ་བ་སྤེལ་བ་ནས་བཟུང་། སྟོབས་ཀྱིས་འཁོར་ལོ་སྒྱུར་བའི་རྒྱལ་བོ་དང་བཀའ་ཡི་བློན་པོ། མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པའི་ལོ་པཎ། རིམ་གཉིས་ཀྱི་རྣལ་འབྱོར་ལ་མངའ་བརྙེས་པའི་གྲུབ་དབང་། ཐ་ན་བྱ་དང་རི་དྭགས། ཆུ་དང་ཟམ་པ་སོགས། གང་ལ་གང་གདུལ་གྱི་སྤྲུལ་པའི་རོལ་གར་མཐའ་ཡས་པའི་རྣམ་པར་བྱོན་ཅིང་། དེ་ཡང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུའི་རྣམ་པར་ཕེབས་ཏེ་ཐོག་མ་དམ་པའི་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུའི་རྣམ་པར་བྱོན་ནས་ཡི་གེའི་སྲོལ་གཏོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་པར་བྱོན་ནས་མཁན་སློབ་གཉིས་གདན་དྲངས་ཤིང་དགེ་འདུན་གྱི་སྡེ་བཙུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་བཞིན་གསལ་བར་མཛད། ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་སྐུའི་རྣམ་པར་རོལ་ཏེ་ཡབ་མེས་ཀྱི་སྐབས་ནས་བསྒྱུར་ཟིན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བཀས་བཅད་རྣམ་པ་གསུམ་གྱིས་དག་ཐེར་རྨད་དུ་བྱུང་བ་མཛད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐུའི་སྐྱེ་བ་བཞེས་ཏེ་བཀའ་གདམས་པའི་བསྟན་པ་སྲོལ་གཏོད་པ་དང་རྒྱས་པར་མཛད། ལྷག་པར་དུ་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ། འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་རྗེ་དགེ་འདུན་གྲུབ་པ་ནས་ཉེ་བར་བཟུང་སྡོམ་བརྩོན་ངུར་སྨྲིག་འཆང་བའི་སྐུ་ཡི་ཕྲེང་བ་གསེར་རི་ལྟ་བུ་རིམ་བྱོན་གྱིས་བོད་གངས་ཅན་ལྗོངས་སུ་ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་རྒྱལ་བས་ལུང་གིས་བསྔགས་པ་ལྟར་ཁྱབ་པར་མཛད། ༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ཆེན་པོ་ཧོར་གྱི་ཡུལ་དུ་ཞབས་ཀྱིས་བཅགས་ཏེ། དམར་མཆོད་ཀྱི་ལུགས་ངན་པ་རྒྱུན་བཅད་པ་སོགས་འཚེ་མེད་ཞི་བའི་ལམ་ཕྱོགས་གསར་གཏོད་དང་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་བཞིན་གསལ་བར་མཛད། སོག་པོ་ཨལ་ཐན་རྒྱལ་པོས་ཏཱ་ལའི་བླ་མ་བཛྲ་ངྷར་ཞེས་པའི་མཚན་གྱི་ཆེ་བསྟོད་གསོལ་ཞིང་། དེ་ནས་བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་འཇིག་རྟེན་གྱི་ཁམས་སུ་ཁྱབ་པ་དང་། སོག་པོ་ཨལ་ཐན་རྒྱལ་པོ་ལ་ཡང་ཆོས་ཀྱི་རྒྱལ་པོ་ལྷ་ཡི་ཚངས་པ་ཞེས་མཚན་གསོལ་བར་མཛད། ཁྱད་པར་དུ༸གོང་ས་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ལུགས་གཉིས་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཤིང་། བོད་ལྗོངས་རྒྱལ་བསྟན་ཆབ་སྲིད་ཡོངས་རྫོགས་ལ་མངའ་དབང་བསྒྱུར་ཏེ། བོད་ཆོལ་གསུམ་ཡོངས་སུ་རྫོགས་པ་དགའ་ལྡན་ཕོ་བྲང་གི་ལུགས་ཟུང་ཆབ་སྲིད་མངའ་དབང་གི་གདུགས་དཀར་ཡུག་གཅིག་གིས་ཁྱབ་པར་མཛད་དེ་རྫོགས་ལྡན་གྱི་དུས་ལྟར། ཕན་བདེའི་གྲིབ་བསིལ་སྣུམ་པོས་སྐྱོང་ཐོག་ཧོར་སོག་དང་། རྒྱ་ནག་གི་ཡུལ་སྡེ་ཆེན་པོའི་གདུལ་བྱ་གྲངས་ལས་འདས་པ་ལ་གང་གདུལ་ཐབས་མཁས་ཀྱི་འཕྲིན་ལས་བཟང་པོས་བསྐྱངས་པར་མཛད། ༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་དང་བརྒྱད་པའི་སྐབས་སུའང་ལུགས་གཉིས་ཀྱི་སྐུ་དབང་བདག་གིར་བཞེས་ཏེ། རྒྱལ་བསྟན་ཆབ་སྲིད་དང་བཅས་པར་ཕན་གྲོགས་རླབས་ཆེན་མཛད། དུས་རབས་བཅུ་དགུ་པའི་མཇུག་ཏུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་དམག་འཁྲུག་སོགས་དུས་ཀྱི་འགྱུར་འགྲོས་རིམ་པར་བྱུང་བས་བོད་ཁམས་བསྟན་འགྲོའི་བདེ་ཐབས་ལའང་ཉེན་ཚབ་ཤིན་ཏུ་ཆེ་བར་སོང་བ་ན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ལུགས་གཉིས་ཀྱི་མཛད་འགན་ཕྲག་པར་བཞེས་ཤིང་། དབྱིན་གཞུང་དང་། རྒྱ་ནག་གི་དྲག་པོའི་བཙན་འཛུལ་རིམ་པར་བྱུང་བ་ན་རྒྱ་དཀར་ནག་དང་ཆེན་པོ་ཧོར་གྱི་ཡུལ་གྲུ་སོགས་སུ་ཞབས་སོར་རིམ་འཁོད་ཀྱིས་རྒྱལ་སྤྱིའི་གནས་བབ་ལེགས་གཟིགས་ཐོག་མཐའ་འཁོབ་བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱ་ཆེན་དང་འབྲེལ། བོད་རྒྱལ་ཁབ་ཆེན་པོའི་མངའ་དབང་གི་གནས་བབ་བསྐྱར་ནན་ཡོངས་ཁྱབ་གསལ་བསྒྲགས་དང་། བློ་རིག་བཀྲ་བའི་གཞོན་སྐྱེས་དུ་མ་དེང་རབས་ཤེས་ཡོན་གྱི་ཆེད་ཕྱི་རྒྱལ་དུ་སློབ་གྲྭར་གཏོང་རྒྱུའི་ཐུགས་རེ་གནང་། ལྷག་པར་དུ་གཞུང་ལམ་རྒྱ་བསྐྱེད་དང་། གློག་ཁང་དང་སྦྲག་ཁང་གསར་འཛུགས། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་དང་། ཏར་འཕྲིན་གསར་འཛུག དངུལ་ལོར་དཔར་བསྐྲུན་སོགས་ལས་གཞི་སྣ་མང་གསར་གཏོད་དང་ལེགས་བཅོས་རྒྱ་ཆེ་གནང་། ཆོས་ཕྱོགས་ནས་ཀྱང་དགོན་སྡེ་ཁག་གི་སློབ་གཉེར་ལ་སྐུལ་འདེད་ཀྱི་ཐབས་ལམ་གསར་གཏོད་དང་། གཞུང་ཆེན་སློབ་གཉེར་བར་དག་ཐེར་ཕུན་སུམ་ཚོགས་པ་མཛད་ནས་རྒྱལ་བའི་བསྟན་པ་མི་ཉམས་རྒྱུན་གནས་ཆེད་སྐུ་ངལ་ཚད་མེད་བསྐྱོན་གནང་མཛད། མདོར་ན་ཕྱི་ནང་གི་འགལ་རྐྱེན་མང་དག་གིས་ཐུགས་བཞེད་མཐའ་དག་ཇི་བཞིན་གྲུབ་མིན་ལ་མ་ལྟོས་པར་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་བབ་དགོངས་བཞེས་ཀྱིས་བཀའ་དྲིན་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་མང་དུ་བསྐྱངས་སོ།། ལྷག་པར་དུ་རང་ཅག་རྣམས་ལ་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་༸གོང༸ས་སྐུ་ཕྲེང་བཅུ་བཞི་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས༸བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། ༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་མཛད་འཕྲིན་གཅིག་དུ་བསྡོམས་པ་ལས་ཀྱང་ལྷག་པར། བོད་མི་རིགས་ཀྱི་ཆོས་དང་ཆབ་སྲིད་གཉན་འཕྲང་ཅན་གྱི་དུས་སུ་བསམ་བཞིན་དུ་ཐུགས་བསྐྱེད་གོ་ཆ་བརྟན་པོར་བགོས་ཏེ། ཕྱི་ལོ་༡༩༣༥ ཟླ་ ༥ ཚེས་ ༥ ཉིན་ཨ་མདོ་སྐུ་འབུམ་ཙོང་ཁ་སྟག་འཚེར་གྱི་ཡུལ་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡུམ་གྱི་ལྷུམས་སུ་གཟིགས་པ་རྣམ་པ་ལྔས་སྐུ་ཡི་མཚན་དཔེ་ཉིན་བྱེད་དབང་བོ་མངོན་པར་ཤར་བ་དང་། ལྷ་དང་བླ་མའི་ལུང་དང་མགོན་པོ་གང་ཉིད་ཀྱི་སྔོན་གནས་རྗེས་དྲན་གྱི་མཛད་པས༸རྒྱལ་མཆོག་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ལ་མངོན་པར་བཞེངས། ཕྱི་ལོ་༡༩༤༠ ཟླ ༡ ཚེས ༡༤ ཉིན་ཕོ་བྲང་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད། ཕྱི་ལོ་༡༩༥༠ ལོར་དུས་འགྱུར་ཛ་དྲག་ཇེ་སྡུག་ཇེ་ཞན་ཏུ་གྱུར་ནས་བོད་ཀྱི་གནས་སྟངས་སྣུམ་ཟད་མར་མེ་ལྟ་བུའི་སྐབས། སྐུ་ཡི་ན་ཚོད་ཤིན་ཏུ་ཕྲ་བ་དགུང་གྲངས་བཅུ་དྲུག་ལས་མ་ལོན་ཡང་མི་ཆེན་དང་། བླ་ཆེན། དཔོན་ཆེན་སོགས་སུས་ཀྱང་མ་ཐེག་པའི་ཤིན་ཏུ་ལྕི་ཞིང་འདེགས་པར་དཀའ་བའི་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཀྱི་འགན་དབང་དེ་ཉིད། མགོན་པོ་མཆོག་གིས་བཞེས་དགོས་དུས་སུ་བབ་ལུགས་བོད་ལྗོངས་ལྷ་མི་ཡོངས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པར་ཐུགས་ཞུམ་པ་མེད་པའི་སྙིང་སྟོབས་ཆེན་པོས་རབ་ཏུ་དཀའ་བའི་རྒྱལ་བསྟན་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་བཞེས་རྒྱུའི་ཞལ་བཞེས་ཀྱི་བཀའ་དྲིན་མངོན་དུ་གྱུར། སྐབས་དེ་དུས་ནས་བོད་ཀྱི་ཆབ་སྲིད་ཡོངས་རྫོགས་དེང་རབས་དང་མཐུན་པའི་མང་གཙོའི་ལམ་ལུགས་སུ་བསྒྱུར་རྒྱུའི་ཐུགས་བཞེད་བརྟན་པོས་རྫོང་གཞིས་ཁག་ལ་བསྒྱུར་བཅོས་དང་། གྱོད་ཞིབ་ལས་ཁུངས་གསར་འཛུགས། བུན་སྐྱེད་ཆག་ཡང་དང་ཉེས་ཅན་བཙོན་གྲོལ་གཏོང་བ་བཅས་འབངས་མི་ཡོངས་ལ་དྲང་བདེན་གཞི་བཞག་གིས་ཁྲལ་དང་ཁྲིམས་གྱི་གུ་ཡངས་རྒྱ་ཆེན་ཐོབ་པར་མཛད། དུས་ཀྱི་ཡོ་ལང་དེ་ལྟ་བུའི་ཛ་དྲག་གི་གནས་སུ་གྱུར་ན་ཡང་མགོན་པོ་མཆོག་གིས་ཐུགས་བརྩོན་ཆེན་པོས་ཡོངས་འཛིན་རྣམ་པ་གཉིས་ལས་དབང་ལུང་མན་ངག་མཆིས་སོ་ཅོག་བུམ་པ་གང་བྱོའི་ཚུལ་གྱིས་གསན་བཞེས་མཛད་པའི་མུར། གཞུང་ཆེན་བཀའ་པོད་ལྔ་ཐུན་མོང་རིག་གནས་དང་བཅས་པར་རིགས་པའི་ལམ་ནས་དྲངས་པའི་གསན་བསམ་ལེགས་པར་མཛད་ཅིང་། ཕྱི་ལོ་ ༡༩༥༨ ལོར་གདན་ས་ཆེན་པོ་གསུམ་དུ་གྲྭ་སྐོར་དམ་བཅའ་མཛད་དེ་གཞུང་ལུགས་རབ་འབྱམས་སྨྲ་བའི་ཁྱུ་མཆོག་རྒྱུ་སྐར་གྱི་ཚོམ་བུ་ལྟ་བུའི་དབུས་སུ་ལུང་རིགས་ཀྱི་མཛེས་པ་མངོན་པར་བཤམས་ནས་མཁས་པའི་དབང་པོ་ཀུན་གྱི་ཡིད་ཀྱི་བརྟན་པ་འཕྲོག་སྟེ་ཟློག་ཏུ་མེད་པའི་དད་པའི་གནས་ལ་བཀོད། ཕྱི་ལོ་༡༩༥༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་ལུང་རིགས་སྨྲ་བ་ལ་དབང་འབྱོར་བའི་རབ་འབྱམས་དགེ་བའི་བཤེས་གཉེན་ཁྲི་ཕྲག་བརྒལ་བའི་དབུས་སུ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ་གསུང་ལན་སྒམ་པོ་ཐོགས་མེད་དུ་མཛད་ནས་མཁས་པ་མང་པོ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ཅིང་། མདོ་སྔགས་ཡོངས་སུ་རྫོགས་པ་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་ནས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར།
དེ་ནས་བཟུང་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཐང་མར་བརྡལ་ཏེ་གདུལ་བྱ་མཐའ་དག་གི་རྒྱུད་ལ་རྟེན་འབྱུང་གི་ལྟ་བ་དང་། གཞན་ཕན་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པའི་བག་ཆགས་ཁྱད་པར་ཅན་བསྐྲུན་པ་སོགས་དམ་པའི་ཆོས་ཀྱི་དགའ་སྟོན་ལ་སྦྱོར་བར་མཛད་པ་ནི་དུས་གསུམ་རྒྱལ་བ་ཀུན་ལས་ཀྱང་བཀའ་དྲིན་གྱི་ཕུང་པོ་གཞལ་ཐབས་བྲལ་བའོ། །
དེ་ལྟར་ཡང་ཕྱི་ལོ་ ༡༩༥༩ ལོར་ཁ་བ་གངས་ཅན་ལྗོངས་སུ་སྤྱི་མཐུན་དཀར་མིན་ལས་ངན་གྱི་འབྲས་བུ་ཟློག་ཏུ་མེད་པའི་མཐུས་བོད་མི་རིགས་བསྟན་སྲིད་དང་བཅས་པ་ལོག་སྨོན་ཀླ་ཀློའི་གདུག་རྩུབ་དྲག་པོས་རྨེག་མེད་དུ་འཇོམས་པའི་དུས་ཀྱི་རྒུད་པ་མི་བཟད་པ་ཐོག་ཏུ་བབ་པ་ན། ཐུགས་ཞུམ་མེད་སྙིང་སྟོབས་ཆེན་པོའི་གོ་ཆ་ལེགས་པར་བཞེས་ཤིང་གངས་ཅན་བསྟན་འགྲོའི་བདེ་དོན་འབའ་ཞིག་དགོངས་པའི་མཐིལ་དུ་བསྣམས་ནས། ལོ་དེའི་ཟླ ༣ ཚེས་ ༡༧ གྱི་དགུང་དྲོ་ཡུལ་གཞན་དུ་ཉེན་ཡོལ་དུ་ཕེབས་རྒྱུའི་ཐུགས་ཐག་གཙང་བཅད་ཀྱིས་ཆུ་ཚོད་བཅུ་བ་མ་ཟིན་ཙམ་ལ་ཤེར་ཕྱིན་བརྒྱད་སྟོང་པའི་དབུ་ནས་བཟུང“ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག”ཅེས་པའི་བར་གསུངས་ནས་ཐུགས་སྨོན་དྲག་པོ་དང་བཅས་ལྷ་ལྡན་དག་པའི་ཞིང་ནས་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར། སྐུ་ངལ་བརྒྱ་ཕྲག་ཁྱད་དུ་བསད་དེ་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་བདེ་བར་བཀོད་ནས་ཆོས་དང་རིག་གཞུང་གི་བསྟི་གནས་དགོན་སྡེ་དང་། སློབ་གྲྭ་གསར་འཛུགས་སོགས་ཀྱིས་མཚོན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕུགས་རྒྱང་རིང་པོའི་ལས་གཞིའི་རྨང་གཞི་བརྟན་པོར་བཙུགས། དེ་ཡང༸གོང་ས་མཆོག་གི་གཟིམ་ལམ་དུ་འཕགས་པ་རང་བྱུང་ལྔ་ལྡན་གྱིས”བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །
”ཅེས་ལུང་བསྟན་གསལ་བོར་གནངས་པ་ལྟར་མགོན་པོ་སྙིང་རྗེའི་རང་གཟུགས་གང་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་མ་ཐག བོད་ནང་མི་སྤྱོད་ལས་འདས་པའི་ཡ་ང་བའི་གནས་སྟངས་ཇི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་སྐུལ་ནན་ཆེར་མཛད་པ་དང་དུས་མཚུངས། ཕྱི་ལོ་༡༩༦༠ ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཆེད་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་གསར་བསྐྲུན་དང་། ཕྱི་ལོ་༡༩༦༢ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཆེན་མོ་ཡོངས་ཁྱབ་གསལ་བསྒྲགས་གནང་། ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་། རིག་གཞུང་། ཁྱད་ནོར་སོགས་རྒྱུན་གནས་གཅེས་འཛིན་ཆེད། བོད་མིའི་གཞིས་ཆགས་ཁག་ཏུ་ཞིང་འབྲོག་བཟོ་གསུམ་དང་། ཐུན་མོང་མ་ཡིན་པའི་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོའི་ཐོག་དེང་དུས་ཀྱི་ཤེས་ཡོན་གལ་ཆེར་གཟིགས་ཏེ། རྒྱ་གར་གྱི་སྲིད་བློན་དཔལ་ལྡན་ནེ་རུ་ལ་ནན་ཆེར་ཐུགས་རེ་བཏོན་པ་བཞིན་བོད་ཕྲུག་ཟུར་སྡོད་ཀྱི་སློབ་གྲྭ་ཁག་གསར་འཛུགས། དེ་བཞིན་ཝཱ་ཎ་བོད་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དང་། དཔེ་མཛོད་ཁང་། བུ་གསོ་ཁང་། རྒན་གསོ་ཁང་། འཕྲོད་བསྟེན་སྨན་ཁང་། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ཆོས་སྡེ་ཁག་བཅས་གསར་དུ་ཕྱག་འདེབས་གནང་ཞིང་། སྔར་གཞུང་ཆེན་སློབ་གཉེར་གྱི་ལམ་སྲོལ་མེད་པའི་དགོན་སྡེ་ཁག་ཏུ་གཞུང་ཆེན་སློབ་གཉེར་གསར་འཛུགས་དང་། ནང་པའི་རྗེས་འཇུག་པ་རྣམས་དུས་རབས་ཉེར་གཅིག་པའི་ཚད་ལྡན་གྱི་ནང་པ་ཞིག་ཏུ་འགྱུར་ཆེད། སེར་སྐྱ་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་དང་། ལྷག་པར་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་ལ་སྦྱང་བརྩོན་བྱས་ཏེ་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་གྱི་ལམ་སྲོལ་གསར་གཏོད་གནང་། ལྷག་པར་དུ་མ་འོངས་སྔོན་གཟིགས་ཀྱི་མཛད་ཐབས་ལྷུ་བསྒྲིགས་ཏེ་འཚེ་མེད་ཞི་བའི་དམ་བཅའ་བདག་གིར་བཞེས་ཐོག་སྔ་རྗེས་སུ་ཞི་བའི་དོན་ཚན་ལྔ་དང་། སི་ཏྲ་སི་སྦག་གི་གསུང་བཤད་བཅས་རྒྱ་ཆེ་གུ་ཡངས་ཀྱི་གྲོས་གཞི་སྟོན་གནང་མཛད་པ་དང་། གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ་དང་། ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད། གྲགས་ཅན་ཚན་རིག་པ། མཁས་དབང་གྲགས་ཅན། དེ་བཞིན་འཛམ་གླིང་གི་སྡེ་ཁག་འདྲ་མིན་གྱི་གསར་འགོད་པ་བཅས་ལ་བོད་དོན་བདེན་པའི་གནས་ལུགས་ཇི་བཞིན་བརྡ་སྤྲོད་གསལ་བོར་མཛད་སྟབས། རྒྱལ་སྤྱིའི་ཚོགས་པ་འདྲ་མིན་དང་། རྒྱལ་ཁབ་ཁག་གི་གྲོས་ཚོགས། དེ་བཞིན་འཛམ་གླིང་གི་ཚོགས་པ་མང་པོས་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་བཞི་སྔ་རྗེས་མང་པོ་འཇོག་ཐུབ་པ་མ་ཟད། ད་ཆ་བོད་དོན་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་མོ་སོགས་ནས་བློ་གཟུ་བོར་གནས་པའི་རྒྱ་རིགས་ཤེས་ཡོན་ཅན་མང་པོ་དང་། དེ་བཞིན་རྩོམ་པ་པོ་གྲགས་ཅན་མང་པོས་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་བོད་དོན་གྲོས་མོལ་དང་ཐག་གཅོད་དགོས་ཞེས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་འབྲེལ་རང་གཞུང་ལ་ཐད་ཀར་འབོད་སྒྲ་སྒྲོག་པ་དང་རྩོམ་ཡིག་སྤེལ་པ་སོགས་ནི། མགོན་པོ་མཆོག་གི་ཐབས་མཁས་ཐུགས་རྗེ་ཁོ་ནའི་འབྲས་བུ་ལགས་སོ།། ལྷག་པར་དུ་མགོན་པོ་གང་ཉིད་ནས་དུས་རབས་ཉེར་གཅིག་པའི་མིའི་བསམ་བློའི་འདུ་ཤེསདང་། བདེ་སྡུག་གི་ཚོར་བ། ཁོར་ཡུག་གི་གནས་སྟངས་བཅས་ལ་དགོངས་བཞེས་བླ་མེད་ཀྱིས་མིའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། འཛམ་གླིང་གི་ཆོས་ལུགས་ཁག་དང་། དེ་བཞིན་ཆོས་བརྒྱུད་ཁག་ཕན་ཚུན་མཐུན་ལམ་གོང་མཐོར་སྤེལ་རྒྱུ། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་རང་དབང་གི་མགྲིན་ཚབ་པ་ཞིག་བྱེད་རྒྱུ་བཅས་མཛད་ཆེན་རླབས་པོ་ཆེ་གསུམ་ལ་སྐུ་ཚེ་གང་བོར་ཕྱག་བསྟར་གནང་རྒྱུའི་ཐུགས་ཀྱི་དམ་བཅའ་བརྟན་པོ་མཛད། དང་པོ་མིའི་བཟང་སྤྱོད་གོང་འཕེལ་གཏོང་པའི་ཐབས་ལམ་ཆེས་ཡག་ཤོས་ནི་ཆོས་དང་མ་འབྲེལ་པར་བྱམས་པ་དང་བརྩེ་བའི་དབང་དུ་གྱུར་པའི་མིའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན། དེ་ཡང་འགྲོ་བ་མིའི་རིགས་ཡོངས་རྫོགས་འཇིག་རྟེན་འདིར་འཚོ་དགོས་སྟབས། ནམ་ཡང་རང་ཉིད་འཚོ་སའི་མིའི་སྤྱི་ཚོགས་འདིར་གནོད་འཚེ་སྤངས་དགོས་ཞེས་ད་ལྟའི་འཇིག་རྟེན་འདིའི་གནས་སྟངས་དང་ཧ་ཅང་མཐུན་པའི་སྔོན་བྱུང་མྱོང་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་གསར་གཏོད་གནང་། གཞན་ཡང་འཛམ་གླིང་འདིའི་ཆོས་ལུགས་ཆེ་ཁག་མཐའ་དག་ལ་ལྟ་གྲུབ་མི་འདྲ་བའི་ཁྱད་པར་ཡོད་ཀྱང་། བྱམས་བརྩེ་དང་བཟོད་སྒོམ། དྲང་བདེན་སོགས་ནི་ཆོས་ལུགས་མཐའ་དག་གི་བསླབ་བྱའི་སྙིང་པོ་ཡིན་པར་མ་ཟད། ཆོས་ལུགས་ཚང་མའི་འགྲོ་བ་མིའི་རིགས་ཀྱི་ཕན་བདེ་སྒྲུབ་ཐབས་ཀྱི་དམིགས་ཡུལ་གཅིག་མཚུངས་ཡིན་པ་དང་། མིའི་རིགས་ལ་ཁམས་དང་མོས་པ། བསམ་པ་དང་དབང་པོའི་རིགས་མི་འདྲ་བ་ཡོད་པས་འཛམ་གླིང་འདིར་ཆོས་ལུགས་ཀྱང་མི་འདྲ་བ་ཡོད་ན་དགེ་མཚན་ཆེ་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་དང་། ལྷག་པར་འཇིག་རྟེན་སྤྱིའི་ཕན་བདེ་སྒྲུབ་ཐབས་སུ་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་མཉམ་འཛོམས་ཀྱིས་ཕན་ཚུན་ཡིད་ཆེས་སྤེལ་རེས་དང་། དེ་བཞིན་གསོལ་འདེབས་ཐུགས་སྨོན་གནང་ཞིང་ཆོས་ལུགས་ཕན་ཚུན་ལ་གུས་བརྩི་ཞུ་རྒྱུ་སོགས་སྔོན་ཆད་མིའི་འཇིག་རྟེན་འདིར་སྐྱེས་བུ་སུ་ཞིག་གིས་དྲན་ངོར་དོན་སྤྱི་ཙམ་ཡང་ཤར་མ་མྱོང་བའི་རླབས་ཆེན་ལམ་སྟོན་མང་པོ་ཞིག་མགོན་པོ་མཆོག་གིས་གསར་གཏོད་གནང་། ཁྱད་པར་དུ༸གོང་ས་ལྔ་བ་ཆེན་པོའི་གསུང་ལས། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས། །ཞེས་རྒྱུ་ངོ་བོ་བྱེད་ལས་གསུམ་གྱི་སྒོ་ནས་སྨོན་ལམ་ལོག་པའི་དམ་སྲིར་ངོས་འཛིན་གསལ་བར་གནང་བའི་དམ་སྲི་འབྱུང་བོ་དོལ་རྒྱལ་གྱི་སྐོར་ལ། ༸མགོན་པོ་མཆོག་གིས་ཡིད་ཆེས་ལུང་དང་དངོས་སྟོབས་ཀྱི་རིགས་པ་མཐའ་ཡས་པས་བརྟགས་དཔྱད་རིམ་པར་གནང་ཏེ་ཐུགས་བརྩེ་བ་ཆེན་པོས་བསྟེན་གསོལ་མི་རུང་པའི་ལམ་སྟོན་བཀའ་སློབ་གནང་བའི་བཀའ་དྲིན་ལས། བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་ཞུགས་པའི་རྣམ་དཔྱོད་ལྡན་པའི་མི་བུ་མང་པོ་ལོག་པའི་གཡང་ས་ལས་བསྐྱབས་ཤིང་། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཕན་ཚུན་མཐུན་ལམ་གོང་འཕེལ་དང་། ལྷག་པར་དུ་འཇམ་མགོན་བླ་མའི་བསྟན་པ་བསྲེ་ལྷད་ཀྱི་དྲི་མ་མེད་པར་གནས་ཐུབ་པ་སོགས། མདོར་ན་ད་ལྟའི་ཆར་གཞིས་བྱེས་གཉིས་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པ་མ་ཟད། འཛམ་གླིང་གི་ཆོས་ལུགས་ཡོངས་རྫོགས་མཐུན་འབྲེལ་གོང་འཕེལ་འགྲོ་བཞིན་པ་འདི་མགོན་པོ་མཆོག་གི་བཀའ་དྲིན་ཁོ་ན་ལས་བྱུང་བ་དང་། ཁྱད་པར་དུ་སྐུ་ཚེ་ཧྲིལ་བོ་ཐུགས་བརྩེ་བ་ཆེན་པོས་དུས་རབས་དང་འཚམ་པའི་རྨད་བྱུང་གི་མཛད་འཕྲིན་དེ་དག་ལ་བརྟེན་ནས་འཛམ་གླིང་སྐྱེ་རྒུ་ཡོངས་ཀྱི་གུས་བཀུར་དང་ཡིད་ཆེས་ཞུ་ཡུལ་གྱི་འགྲན་ཟླ་མེད་པའི་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་མཛད། དེ་བཞིན་མགོན་པོ་གང་ཉིད་ཀྱིས་སྤྱིར་རྒྱལ་སྤྱིའི་གནས་བབ་དང་། ལྷག་པར་དངོས་ཡོད་ཀྱི་དགོས་མཁོ་དང་མཐུན་པར་སྤྱིའི་ཁེ་ཕན་ལ་གཙོ་བོར་དམིགས་ཏེ། རྒྱ་ནག་དང་ཞི་བདེ་མཉམ་གནས་ཡོང་ཐབས་དང་། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་ཡོངས་ཐབས། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་རྣམས་རྒྱུན་སྐྱོང་ཐུབ་པར་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་རྒྱབ་སྐྱོར་ངེས་པར་དགོས་པ་དང་། བོད་དོན་བདེན་མཐའ་མ་གསལ་བར་འཕགས་པའི་ཡུལ་དུ་བོད་མིའི་སྒྲིག་འཛུགས་འདི་ཉིད་རྒྱུན་གནས་ཐུབས་ཐབས། ལྷག་པར་བོད་ནང་དུ་བོད་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་ཁོར་ཡུག་བཅས་རྩ་གཏོར་འགྲོ་གཞིའི་ཛ་དྲག་གི་དཀའ་ངལ་ལས་སྐྱོབ་ཐབས་སོགས་དགོངས་བཞེས་བླ་མེད་ཀྱིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་མང་ཚོགས་ལ་སྩལ་གནང་མཛད་པར་བརྟེན། འཛམ་གླིང་ཡུལ་གྲུ་མང་པོའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཧ་ཅང་མང་པོས་བོད་དོན་ལ་རྒྱབ་སྐྱོར་དང་། ལྷག་པར་ཨ་རིའི་གྲོས་ཚོགས་དང་ཡོ་རོབ་མཉམ་འབྲེལ་སོགས་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་སྔ་ཕྱི་རིམ་པར་འཇོག་ཐུབ་པ་སོགས་མདོར་ན་བོད་མིའི་བདེན་དོན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་གྲངས་ལས་འདས་པ་བྱུང་དང་འབྱུང་བཞིན་ཡོད། གཞན་ཡང་མགོན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། ཁྱད་པར་རླབས་ཆེན་གྱི་མཛད་ཆེན་གསུམ། ཡང་དགོས་གཉིས་སྨན་དབུ་མའི་ལམ་གྱི་དགོངས་བཞེས་གསལ་སྟོན་གནང་པ་བཅས་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་སོགས་གཟེངས་རྟགས་དང་། ཆེ་བསྟོད་དང་ཕྱག་ཁྱེར་བཅས་བགྲང་གིས་མི་ལང་བ་ཕུལ་ཏེ་འཛམ་གླིང་ནང་མཚན་སྙན་ཆེ་ཤོས་ཀྱི་རླབས་ཆེན་དབུ་ཁྲིད་དུ་གྱུར་པས་བོད་མི་རྣམས་ཀྱང་འཛམ་གླིང་གི་རྒྱལ་ཁབ་གང་དུ་འགྲོ་འདུག་སོགས་ཀྱི་སྐབས་མགོ་བོ་གཟེངས་སུ་བཏེགས་ཆོག་པ་ནི་མགོན་པོ་གང་གི་ཐུགས་རྗེ་ཉག་གཅིག་ལས་བྱུང་བ་ཡིན་ནོ།། ལྷག་པར་ནང་པའི་གཞུང་ལུགས་གི་བརྗོད་བྱ་རྣམས། གཞི་དངོས་པོའི་གནས་ལུགས་དང་འབྲེལ་བའི་ཚན་རིག་དང་། ལྟ་གྲུབ། ལམ་དང་འབྲས་བུའི་ཉམས་ལེན་གྱི་རིམ་པ་བཅས་སྡེ་ཚན་ཆེན་པོ་གསུམ་དུ་ཕྱེ་སྟེ། དེང་རབས་ཚན་རིག་དང་། ནང་ཆོས་ནས་གསུངས་པའི་སེམས་ཀྱི་རྣམ་གཞག་དང་ལྟ་གྲུབ་བར་གོ་རྟོགས་སྤེལ་རེས་གྱི་ལས་གཞི་ལོ་མང་རིང་གནང་སྟབས། ད་ཆ་འཛམ་གླིང་འདིའི་གཟུར་གནས་ཚན་རིག་པ་ཧ་ཅང་མང་པོར་ནང་པའི་གཞུང་ནས་བཤད་པའི་སེམས་ཀྱི་རྣམ་གཞག་དང་། ལྟ་གྲུབ་བཅས་ལ་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་བློ་མིག་གསར་བ་ཐོབ་པ་སོགས། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་བསུབ་ཐབས་མེད་པའི་ལེའུ་གསར་བ་མང་དུ་བསྐྲུན་པར་མཛད་དོ།། ཕྱི་ལོ་༢༠༠༡ ལོར་བོད་མི་རྣམས་མང་གཙོའི་གོ་རྟོགས་གང་འཚམ་ཡར་རྒྱས་སོང་བ་དང་བསྟུན། བཀའ་བློན་ཁྲི་བ་མི་མང་གིས་ཐད་ཀར་འདེམས་དགོས་པའི་ལམ་སྲོལ་གསར་གཏོད་གནང་། ཕྱི་ལོ་ ༢༠༡༡ ལོར་ལོ་རྒྱུས་རང་བཞིན་ལྡན་པའི་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཐུགས་དགྱེས་ཚོར་ཆེན་པོས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་པ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པར་སྐུལ་འདེད་དང་རྒྱུས་སྟོན་མཛད། མདོར་ན་མགོན་པོ་མཆོག་གིས་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ཡང་དགོས་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་ཆོས་དང་ཆབ་སྲིད་གང་ཐད་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་བཞིན་པའི་བཀའ་དྲིན་གྱི་ཕུང་པོ་བདག་ཅག་བོད་འབངས་ཡོངས་དང་། ཡང་སྒོས་གཞིས་བྱེས་གཉིས་སུ་གནས་པའི་རྫ་ཆུ་ཁ་བ་སེར་སྐྱ་མི་མང་གི་ཕྲག་པར་རབ་ཏུ་ལྕི་བ་ནི། བདག་ཅག་རྣམས་ཀྱིས་བསྐལ་བའི་བར་དུ་ལྕེ་བརྒྱར་སྤྲུལ་ནས་བརྗོད་ཀྱང་ཆ་ཤས་ཙམ་ཡང་བརྗོད་པར་མི་ནུས་ཤིང་། སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ཡང་བཀའ་དྲིན་གྱི་ཕུང་པོའི་ཆ་ཤས་ཙམ་ཡང་གཞལ་བར་མི་ནུས་མོད། འོན་ཀྱང་། མགོན་པོ་གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་པའི་སླད་དུ། བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས།། ཞེས་གསུང་པ་ལྟར། གུས་འབངས་གཞིས་བྱེས་གཉིས་སུ་གནས་པའི་རྫ་ཆུ་ཁ་བ་སེར་སྐྱ་ཡོངས་ཀྱིས་མགོན་པོ་མཆོག་གི་བཀའ་དགོངས་ཟབ་མོ་རྣམས་ཇི་སྲིད་ནམ་གནས་ཀྱི་བར་ནམ་ཡང་སྙིང་བཅངས་ཐོག ལུས་དང་ལོངས་སྤྱོད་དང་། ཁྱད་པར་དུ་དུས་གསུམ་གྱི་དགེ་རྩ་ཅི་མཆིས་རིན་ཆེན་གསེར་དངུལ་ལས་གྲུབ་པའི་མཎྜལ་གྱི་བཀོད་པའི་མཛེས་པར་བྱས་ཏེ་ལེགས་པར་འབུལ་བར་བགྱིད་ཅིང་། འདྲེན་མཆོག་ཐུབ་པའི་དབང་པོའི་བསྟན་པ་འཛིན་པ་ལ་རྒྱལ་བ་རང་ཉིད་སླར་ཕེབས་པ་དང་སྒོ་ཀུན་ནས་མཚུངས་པའི་བརྡ་རྟགས་སུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་དབང་པའི་སྐུ་སྙན་དང་། སྐུ་མི་འགྱུར་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་པའི་མཚོན་རྟགས་སུ་རྒྱུ་རིན་ཆེན་གསེར་ཟངས་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན་དང་། གསུང་མི་འགྱུར་ཚངས་དབྱངས་ཡན་ལག་དྲུག་ཅུ་རྫོགས་པའི་མཚོན་རྟགས་སུ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་ཚང་དང། རང་རེས་རྫ་ཆུ་ཁ་བའི་མཁས་ཆེན་འཇམ་མགོན་བླ་མ་འཇུ་མི་ཕམ་རིན་པོ་རིན་པོ་ཆེའི་གསུང་འབུམ་ཆ་ཚང་། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་མཆོག་གི་གསུང་འབུམ། རྫ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་མཆོག་གི་གསུང་འབུམ། སེར་ཤུལ་སྦྲ་ཆེན་བླ་མ་རྗེ་བཙུན་བློ་བཟང་ཕུན་ཚོགས་མཆོག་གི་གསུང་འབུམ། མཁན་ཆེན་གཞན་དགའ་་མཆོག་གི་གསུང་འབུབ་བཅས་དང། ཐུགས་མི་འགྱུར་མཁྱེན་བརྩེ་ནུས་གསུམ་གྱི་ངོ་བོར་གནས་པའི་མཚོན་རྟགས་སུ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན། མགོན་པོ་གང་ཉིད་བྱམས་བརྩེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས་སྐུ་དངོས་ཡིན་པའི་མཚོན་རྟགས་སུ་༼རྒྱུ་རིན་ཆེན་ཆུ་ཤེལ་ལས་གྲུབ་པའི་བྱམས་བརྩེའི་བདག་ཉིད་ཆེན་པོ་༽ཞེས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས། གཞན་དོན་འཕྲིན་ལས་འབད་རྩོལ་དང་བྲལ་བ་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་པའི་མཚོན་རྟགས་སུ་རིན་ཆེན་དངུལ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རིན་ཆེན་རྫས་བརྒྱད་བཅས་དང་། ཆོས་ཀྱི་འཁོར་ལོ་འཛམ་གླིང་གི་ཡུལ་གྲུ་ཀུན་དུ་རྒྱུན་མི་ཆད་དུ་བསྐོར་བའི་མཚོན་རྟགས་སུ་ཆོས་དུང་དཀར་པོ་ཆ་གཅིག་དང་། སྐུ་མི་འགྱུར་རྡོ་རྗེའི་རང་ཁམས་སུ་བཞུགས་པའི་མཚོན་རྟགས་སུ་ཁྲི་ཆས་ཆ་ཚང་། རབ་བྱུང་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་མཁས་གྲུབ་བྱེ་བ་མང་པོའི་དབུས་ན་ལྷམ་མེར་ལྷང་ངེར་བཞུགས་པའི་མཚོན་རྟགས་སུ་སྐུ་ཆས་ན་བཟའ་ཆ་ཚང་། གནས་བརྟན་འདུལ་བ་འཛིན་པ་མཐའ་དག་གི་གཙུག་གི་རྒྱན་དུ་དུས་ཀུན་ཏུ་བཞུགས་པའི་མཚོན་རྟགས་སུ་འཚོ་བའི་ཡོ་བྱད་བཅུ་གསུམ། གསེར་དངུལ་ལས་གྲུབ་པའི་ཁྲ་ཅོག་ཁྲ་ལྡན་དང་། གོས་ཆེན་ཐག་སྣ་ལྔ། རིན་ཆེན་འབྲུ་རིགས་སྣ་ལྔ། གྲུབ་ལྡན་ཆ་དྲུག གཞང་ཡང་འབུལ་མཚོན་སྐོར་ཞིག་དང་། ཧིན་སྒོར་ ༥༥༥༥༥༥ བཅས་བརྟན་བཞུགས་བསྟར་འབུལ་ཞུ་བ་དང་ཆབས་ཅིག་སླར་ཡང་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོ་ནི། དེ་ཡང་ཇི་སྐད་དུ། མགོན་མེད་གངས་ཅན་ཞིང་གི་འགྲོ་བ་རྣམས། །ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པར། །དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས། །སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས། །ཉམ་ཐག་སྨག་རུམ་འཐིབ་པའི་གངས་ཅན་འདིར། །མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་བཟིས། །ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ། སྲིད་མཐའི་བར་དུ་མི་གཡོ་རྟག་བརྟན་ཤོག །ཅེས་གསུངས་པ་ལྟར་སྙིགས་དུས་སྐྱེ་བོའི་ངང་ཚུལ་ལ་མ་གཟིགས་པར་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ལྷག་པར་མགོན་མེད་གངས་ཅན་ཞིང་གི་འགྲོ་བ་ལ་སྔོན་བསྐལ་བ་དཔག་ཏུ་མེད་པ་ནས་ཐུགས་བསྐྱེད་པ་ལྟར་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་། སྙིགས་ལྔའི་རྒུད་ཚོགས་ཆེས་ཆེར་དར་ནས་ཆགས་སྡང་གི་གཞན་དབང་དུ་གྱུར་པའི་དམག་འཁྲུག་འཁོན་འཛིན་སོགས་མི་བཟད་པའི་དུ῝ཁ་དྲུངས་ནས་འབྱིན་པ་ལ་མཚུངས་ཟླ་མ་མཆིས་པའི་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་ཞབས་པད་བསྐལ་བ་བརྒྱ་མཚོར་བརྟན་ཅིང་། མགོན་པོ་གང་གི་གསང་གསུམ་མཛད་པ་འཕྲིན་ལས་ཀྱི་བདུད་རྩི་ལ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བ་ལྡན་པ་དང་། ཁྱད་པར་དུ་མགོན་མེད་གངས་ཅན་ཞིང་དུ་ཞབས་སོར་མྱུར་དུ་བཀོད་དེ་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་། བདག་ཅག་བོད་འབངས་སྤྱི་དང་ཁྱད་པར་མདོ་ཁམས་རྫ་ཆ་ཁ་བ་གཞིས་བྱེས་གཉིས་ཀྱི་ལྷ་མི་སྐྱེ་འགྲོ་རྣམས་བྱང་ཆུབ་བར་དུ་མཉེས་བཞིན་རྗེས་སུ་འཛིན་པའིཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བ་བརྩེ་བས་གཟིགས་པ་མཁྱེན། མཁྱེན། མཁྱེན་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་སོ།། །། ཞེས་མདོ་ཁམས་རྫ་ཆུ་ཁ་བཞིས་བྱེས་ཐུན་མོང་ནས་ཕུལ།། 
(སེར་བྱེས་དགེ་བཤེས་བསམ་འཕེལ་ནས་བྲིས།) 

No comments:

Post a Comment