བརྟན་བཞུགས་རྒྱུན་ལས་རྣམ་པའི་འགུལ་དཔར་ལ་འདི་ནས་གཟིགས།
ཧ་ཅང་ལེགས་འགྲུབ་ལྡན་པའི་མདོ་ཁམས་རྫ་ཆུ་ཁ་བའི་བརྟན་བཞུགས་འདི་ཇི་ལྟར་བྱུང་བའི་རྒྱུད་རིམ་ནི་ལམ་ཕྲན་ཀྱག་ཀྱོག་དུ་མ་ཞིག་བརྒྱུད་ནས་ད་གཟོད་ལེགས་གྲུབ་ཀྱི་འབྲས་བུ་འདི་ཐོབ་པ་རེད།
དེ་ཡང་ཐོག་མར་དེང་རབས་ཚན་རིག་གི་སྒྱུ་འཕྲུལ་གྱི་དངས་མ་ལྟ་བུ་སྐད་འཕྲིན་ཞེས་པ་འདི་དར་ཁྱབ་བྱུང་བ་ནས་བཟུང་མི་རྣམས་ཀྱི་གོ་ལའི་ཤར་ནུབ་འབྲེལ་གཏུགས་སྔར་བས་སྟབས་བདེར་སོང་བ་དང་བསྟུན། རང་ཁོངས་མི་སྣ་བསམ་ཡོད་ཅན་ཁག་ཅིག་གིས་གཞིས་བྱེས་གཉིས་སུ་གནས་པའི་མི་སྣ་མང་པོས་གྲོས་བསྡུར་བྱས་ཏེ། བོད་གངས་ཅན་གྱི་ཡུལ་སྡེ་བྱེ་བྲག་པ་གཞན་དང་གཞན་གྱིས་རང་རང་གི་བསོད་ནམས་ཀྱི་ཚོགས་རྫོགས་ཕྱིར་དང་། ༧གོང་ས་མཆོག་མཆོག་གི་སྐུ་ལ་གེགས་བར་ཆད་ཀྱི་མཚན་མ་མི་འབྱུང་བའི་ཆེད་དུ་བརྟན་བཞུགས་རྒྱས་བསྡུས་རབ་དང་རིམ་པ་ཕུལ་ཟིན་པ་ལྟར། རང་ཅག་རྫ་ཆུ་ཁ་བས་ཀྱང་རྒྱལ་བ་དགྱེས་པའི་མཆོད་པ་བརྟན་བཞུགས་ཚད་ལྡན་ཞིག་འབུལ་ཐུབ་པ་བྱུང་ན། གཅིག་ན་རང་གཞན་ཀུན་གྱིས་འདི་ཕྱིའི་ལེགས་ཚོགས་འགྲུབ་པ་དང་། གཉིས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་བ་གདུང་ཤུགས་དྲག་པོ་ཞིག་འདེབས་ཐུབ་ན་བླ་སློབ་ཀྱི་དམ་ཚིག་གཙང་མའི་རྟེན་འབྲེལ་གྱི་ནུས་པ་ཁྱད་པར་ཅན་ཡོད་པ་དང་། ཡང་སྒོས་སུ་རང་རེ་རྫ་ཆུ་ཁ་བ་འདིས་ད་བར་དུ་འདི་འདྲ་བའི་བྱ་བ་གལ་ཆེན་ཞིག་ལོ་རྒྱུས་ཀྱི་ཐོག་ཏུ་སྒྲུབ་མྱོང་མེད་པས་བྱ་བ་འདི་ནི་རླབས་ཆེན་གྱི་བྱ་བཞག་ཅིག་ཀྱང་ཡིན་པ་སོགས་དགོས་པ་དུ་མ་ཞིག་ལ་བསམ་ནས་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་བརྟན་བཞུགས་ཚད་ལྡན་ཞིག་འབུལ་ཐུབ་ན་ཧ་ཅང་དགེ་མཚན་ཆེ་ཚུལ་ལས་བརྩམས་ནས་བགྲོ་གླེང་རྒྱུན་རིང་བྱས།
མཐར་ཕྱི་ལོ་༢༠༡༢་ལོར་ཕྱི་སྡོད་རྫ་ཆུ་ཁ་བའི་མི་སྣ་ལས་གྲུབ་པའི་སྐད་འཕྲིན་ཚོགས་པ་ཁག་འགའ་ཞིག་ཆེད་དུ་བཙུགས་ནས་གྲོས་གླེང་རིམ་པར་བྱས་མཐར་ཐམས་ཅད་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་ཐག་ཆོད་བྱུང་།
བརྟན་བཞུགས་འབུལ་བ་ཐོག་མར་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་ཞུ་འབུལ་དགོས་སྟབས་ཕྱི་སྡོད་རྫ་ཆུ་ཁ་བའི་སྐད་འཕྲིན་གྱི་ཚོགས་པའི་ལམ་ནས་བརྟན་བཞུགས་སྙན་འབུལ་ཚོགས་ཆུང་ཞེས་པ་ཞིག་མང་མོས་ཀྱི་ལམ་ནས་བདམས། བདམ་ཐོན་བྱུང་བའི་ཚོགས་མིའི་ཁོངས་སུ། ༡༽ སུད་སིར་གནས་བཞུགས་རིག་འཛིན་ནམ་མཁའ་རིན་པོ་ཆེ། ༢༽ ཐེ་ཝན་དུ་གནས་བཞུགས་རྫ་ཚེ་རིང་བཀྲ་ཤིས། ༣༽ ལྡི་ལིར་གནས་བཞུགས་སྐྱུ་ར་པད་རྡོ། ༤༽ སེ་རར་གནས་བཞུགས་དགེ་བཤེས་བསྟན་འཛིན་ནོར་བུ། ༥༽ ལྡི་ལིར་གནས་བཞུགས་དགེ་བཞེས་བློ་དར། ༦༽ ཐེ་ཝན་དུ་གནས་བཞུགས་དགེ་བཤེས་དར་རྒྱས། ༧༽ སེར་བྱེས་བྱ་བྲལ་དགེ་བཤེས་བསམ་འཕེལ། ༨༽ ཧུན་སུར་དུ་གནས་སྡོད་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ༩༽ སུད་སིར་གནས་བསོད་ནམས་གྲགས་པ། ༡༠༽ ཨ་རིར་གནས་སྡོད་ཆོས་འཛིན་བཅས་ཡོད།
དེ་ལྟར་བརྟན་བཞུགས་སྙན་འབུལ་ཚོགས་ཚུང་གིས་སླར་ཡང་དྲ་ཐོག་ནས་གྲོས་གླེང་གི་ལམ་ནས་༧གོང་ས་སྐྱབས་མགོན་ཆེན་པོར་འབུལ་རྒྱུའི་སྙན་ཞུ་ཟིན་བྲིས་དང་གཏན་འབེབས་བྱས་ནས་ཕྱི་ལོ་༢༠༡༣་ལོའི་ཟླ་བ་༥་ཚེས་༡༣་ལ་སྙན་འབུལ་ཚོགས་ཆུང་གི་མི་སྣ་བཞི་ཆེད་བཅར་གྱིས་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་བློ་བཟང་སྦྱིན་པའི་ཕྱག་ཏུ་སྙན་ཞུ་རིན་པོ་ཆེ་ཕུལ།
དེ་ནས་ཕྱི་ལོ་༢༠༡༣་ཕྱི་ཟླ་༥་ཚེས་༢༧་ཉིན་བཀའ་ལན་འབྱོར་གསལ་ལ། ཕྱི་ལོ་༢༠༡༤་ལོ་མཇུག་དང་། ༢༠༡༥་ལོ་མགོ་ལ་གནས་མཆོག་ཝ་ར་ན་སིར་གསུང་ཆོས་གནང་གཏན་ཁེལ་བ་དེ་དུས་ཀྱི་མཇུག་གི་དགེ་བའི་བརྟན་བཞུགས་སུ་རྫ་ཆུ་ཁ་བས་བརྟན་བཞུགས་འབུལ་འཐུས་ཞེས་བཀའ་ཕེབས།

དེ་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༧གོང་ས་མཆོག་གི་གསུང་གི་དབུགས་དབྱུངས་ལེགས་པར་ནོད་རྗེས། བརྟན་བཞུགས་ཀྱི་ལས་དོན་དངོས་སུ་མགོ་འཛུགས་དགོས་ཤིང་། བརྟན་བཞུགས་གྲ་སྒྲིག་ཚོགས་པ་ནི་ཕྱིར་སྡོད་རྫ་ཆུ་ཁ་བ་ཤ་སྟག་ཡིན་དགོས་སྟབས་དེའི་ཁོངས་ནས་འདེབས་དགོས་པ་དང་། དེ་ཡང་རྫ་ཆུ་ཁ་བ་ལ་སྡེ་བ་བཞི་བཅུ་ཡར་མར་ཞིག་ཡོད་པ་དེ་དག་སོ་སོའི་ཕྱིར་སྡོད་མི་སྣ་དག་རང་རང་སོ་སོའི་སྡེ་བའི་ཁོངས་ནས་སྡེ་བ་རེ་ལ་འཐུས་མི་གཉིས་རེ་འདེབས་རྒྱུར་གྲོས་འཆམས་བྱུང་བ་ལྟར་ཐོག་མར་སྡེ་བ་སོ་སོའི་འཐུས་མི་བདམ། འཐུས་མིའི་མཚན་ཐོ་ཟུར་དུ་ཡོད། སྡེ་བ་རེ་ཟུང་ལ་འཐུས་མི་གཅིག་ལས་མེད་པ་དང་། སྡེ་བ་རེ་ཟུང་ལ་རང་ཁོངས་ནས་ཕྱི་ལོགས་སུ་མི་གཅིག་ཀྱང་སླེབས་མེད་སྟབས་འཐུས་མི་ཡེ་ནས་མེད་པ་ཡང་བྱུང་། དེ་ལྟར་སྡེ་བ་སོ་སོས་བདམ་ཚར་རྗེས་སུ་འཐུས་མི་དེ་དག་གི་གྲོས་གླེང་བྱེད་སར་འཐུས་མི་ཚོགས་པ་ཞེས་པའི་སྐད་འཕྲིན་གྱི་ཚོགས་པ་ཞིག་གསར་དུ་བཙུག ཚོགས་པ་འདིའི་འོས་འགན་གཙོ་བོ་ནི་གྲ་སྒྲིག་ཚོགས་པ་འོས་འདེམས་བྱེད་རྒྱུ་དེ་རེད།
འཐུས་མི་ཚོགས་པས་རང་ཁོངས་རྫ་ཆུ་ཁ་བའི་ཕྱིར་འཁོད་མི་སྣ་དག་གི་ནང་ནས་ཐོག་མར་སྔོན་འགྲོའི་འོས་གཞིར་མི་གྲངས་ཉིས་ཤུ་ཐམ་པའི་མིང་ཐོ་འོས་བསྡུའི་ལམ་ནས་གཏན་འབེབས་བྱས་བསྒྲགས།
དེའི་རྗེས་སུ་སྐྱར་དུ་དངོས་གཞིའི་འོས་བསྡུ་བྱས་ནས་ཚོགས་མི་བཅུ་གསུམ་ལས་གྲུབ་པའི་རྫ་ཆུ་ཁ་བའི་བརྟན་བཞུགས་གྲ་སྒྲིག་ཚོགས་པ་དངོས་བསྐོ་བཞག་བྱས། ད་དུང་མི་གྲངས་གསུམ་སྒུག་ཐོའི་ནང་དུ་བཞག
དེ་ལྟར་རྫ་ཆུ་ཁ་བའི་བརྟན་བཞུགས་གྲ་སྒྲིག་ཚོགས་པ་དངོས་སུ་བཙུག་ནས་ལས་དོན་ཐོག་མ་ནི་འཚོགས་འདུ་དང་པོ་རྒྱ་གར་ལྷོ་ཕྱོགས་སུ་འཚོགས། དེའི་སྐབས་སུ་ཚོགས་པའི་ལས་སྣེ་ཁག་དང་། ཚོགས་པའི་ལས་ཤོག་དང་ལས་ཐམ་སོགས་གཞི་རྩའི་ལས་དོན་རྣམས་གཏན་འབེབས་དང་། འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཀྱི་རྩ་བའི་རྨང་གཞི་དང་འཆར་གཞི་བཀོད། དེ་ནས་མུ་མཐུད་ནས་ཚོགས་འདུ་རིམ་པ་བཞི་འཚོགས་ནས་ལས་དོན་མཐའ་དག་མིས་འཕྱ་དམོད་ཀྱི་ཡུལ་མ་གྱུར་བ་མ་ཟད་མང་པོ་ཞིག་གིས་སྔགས་བརྗོད་ཞུ་ཡུལ་གྱི་ལས་གལ་ཆེན་དེ་ལེགས་འགྲུབ་བྱུང་ངོ་།



No comments:
Post a Comment